༄༅། །ཉེ་ཆར་གཏན་འབེབས་གནང་བའི་ཡུ་རོབ་སྤྱི་མཐུན་ལྷན་ཁང་ (European Council) གི་མཐའ་མའི་གྲོས་ཆོད་ནང་། ཕྱི་ལོ་ ༢༠༢༥ ལོའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཁག་གསལ་སྟོན་དང་འབྲེལ། ཡུ་རོབ་མཐུན་ཚོགས་ནས་འཛམ་གླིང་ཡོངས་སུ་གཞི་རྩའི་རང་དབང་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུའི་བསྐྱར་ནན་གནང་ཡོད་པ་མ་ཟད། བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་གནང་འདུག
དེ་ཡང་ཡུ་རོབ་སྤྱི་མཐུན་ལྷན་ཁང་གི་མཐའ་མའི་གྲོས་ཆོད་ནང་བོད་ཀྱི་གནས་སྟངས་དང་། ལྷག་པར་སྨྲ་བརྗོད་ཀྱི་རང་དབང་དང་། ཞི་བའི་འདུ་འཛོམས་བཅས་གཞི་རྩའི་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་པ་དེས་ཛ་དྲག་དང་། སེམས་འཚབ་བྱེད་འོས་པ་ཞིག་ཏུ་ངོས་འཛིན་གནང་ཡོད། དེ་བཞིན་ཆོས་དད་རང་དབང་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཐོབ་ཐང་། སྲིད་གཞུང་གིས་ཐེ་གཏོགས་མེད་པར་རང་རང་སོ་སོའི་ཆོས་ལུགས་ཀྱི་དབུ་ཁྲིད་འདེམས་ཕྱོགས་ཀྱི་རང་དབང་བཅས་གསལ་སྟོན་གནང་ཡོད།
མཐའ་མའི་གྲོས་ཆོད་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ནང་སྒེར་གྱི་གནད་དོན་ཐོག་ལ་དོ་སྣང་གནང་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་མི་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། སྲུང་སྐྱོབ་དགོས་པའི་ནན་སྐུལ་གནང་ཡོད།
བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡུ་རོབ་སྤྱི་མཐུན་ལྷན་ཁང་གི་ཕྱི་ལོ་ ༢༠༢༥ ལོའི་མཐའ་མའི་གྲོས་ཆོད་ལ་དགའ་བསུ་གནང་ཡོད། གྲོས་ཆོད་དེས་ཡུ་རོབ་མཐུན་ཚོགས་དང་འཛམ་གླིང་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་སེལ་ཐབས་སུ་ཕུགས་རྒྱང་རིང་པོའི་ཐབས་ལམ་ཞིག་བཏོན་ཡོད་པ་དང་། འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སྐབས་བོད་དོན་དེ་གལ་གནད་ཆེ་བའི་གནད་དོན་ཞིག་ཏུ་མུ་མཐུད་གནས་ཐབས་ཀྱི་དམིགས་ཡུལ་ལ་དགའ་བསུ་ཞུས་ཡོད། །