༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀི་ཤན་ཀ་པུར་ (Kishan Kapoor) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཕྱི་ཚེས་ ༣ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཐུགས་གསོ་ཞུས་གནང་ཡོད།
དམ་པ་ཁོང་གི་སྐུ་ཟླ་ལྕམ་སྐུ་རེ་ཀཱ་ ཀ་པུར་ (Smt. Rekha Kapoor) མཆོག་ལ་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་སྐུ་ཟླ་སྐུ་ཞབས་ཀི་ཤན་ ཀ་པུར་ (Kishan Kapoor) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་གནས་ཚུལ་ཐོས་འཕྲལ་ཤིན་ཏུ་ནས་བློ་ཕམ་བྱུང་། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁྱེད་ནང་མི་ལྷན་རྒྱས་དང་། རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཐོག་ནས་དམ་པ་ཁོང་དང་ལྷན་ཐེངས་མང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་། དེའི་སྐབས་ཁོང་གི་བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་ནི་བསྔགས་འོས་སུ་གྱུར་བ་ཞིག་ཆགས་ཀྱི་འདུག གོ་སྐབས་འདི་བརྒྱུད་དམ་པ་ཁོང་གིས་ང་ཚོའི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་བརྟན་པོ་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། དམ་པ་ཁོང་གི་རྒྱལ་ཁབ་དང་། མི་མང་ཆེད་དུ་རླབས་ཆེན་གྱི་ཞབས་འདེགས་ཞུས་པ་རྣམས་ཚང་མས་རྟག་ཏུ་དྲན་ངེས་ཡིན་ཞེས་འཁོད་འདུག་པ་བཅས། །