༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༠༡ ཉིན་ཨིན་ཡུལ་སྐུ་ཚབ་དོན་ཁང་ནས་ཀོ་པན་ཧེ་གན་དུ་ཚོགས་པའི་ས་གནས་ཀྱི་གཞུང་ཁོངས་མིན་པའི་ཚོགས་པའི་ཚོགས་འདུའི་སྐབས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྣམས་ལྷན་འཛོམས་ཀྱིས་ཐབས་བྱུས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་དགོས་དམིགས་གཙོ་བོ་ནི་བོད་པའི་སྤྱི་ཚོགས་ནང་བོད་རིགས་ཚོགས་པ་ཁག་ནས་ཕན་ཚུན་མཐུན་སྒྲིལ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་རིམ་སྤེལ་བ་རྣམས་གྲོས་བསྡུར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་འབྲེལ་བའི་ལས་རིམ་གོ་སྒྲིག་གནང་རྒྱུ། སོ་སོའི་རྒྱལ་ཁབ་ཏུ་བོད་དོན་ཞུ་གཏུག་ཤུགས་ཆེར་གནང་རྒྱུ་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད།
སྐབས་དེར་རྒྱབ་ཁབ་བཞིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྣམས་ཏེ། ཨིན་ཡུལ་དང་། སྭི་ཌན། ནོར་ཝེ། ཌེན་མག་བཅས་ཀྱི་ཚོགས་གཙོ་རྣམས་དང་། ཨིན་ཡུལ་གྱི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་འགན་འཛིན་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཀོ་པན་ཧེ་གན་དུ་གནས་སྡོད་བོད་རིགས་གྲངས་ ༢༤ ཙམ་དང་། དེའི་ཁྲོད་དུ་གཞོན་སྐྱེས་མང་དག་ཅིག་ཀྱང་མཉམ་ཞུགས་གནང་ཡོད།
ཚོགས་འདུའི་ཐོག་མར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས་ཚོགས་ཞུགས་པ་རྣམས་ལ་འཚམས་འདྲི་དང་སྦྲགས་ཚོགས་འདུའི་དགོས་དམིགས་ངོ་སྤྲོད། བོད་རིགས་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་རྣམས་ལ་བོད་མིའི་རྩ་དོན་དང་སྤྱི་ཚོགས་ཆེད་གཞོན་སྐྱེས་ཚོར་རྒྱབ་སྐྱོར་དང་སྐུལ་སློང་དགོས་པའི་འབོད་སྐུལ་གནང་། དེ་བཞིན་ཕ་མ་རྣམས་ཀྱིས་སོ་སོའི་ཁྱིམ་ཚང་ནང་བོད་སྐད་རྒྱུན་སྤྱོད་དང་། རང་གི་ངོ་བོ་དང་། རིག་གཞུང་ཤེས་རྟོགས་ཡོད་པའི་ཁོར་ཡུག་བསྐྲུན་རྒྱུའི་གལ་གནད་སྐོར་གསུངས།
དེ་ནས་ཨིན་ཡུལ་དོན་ཁང་གི་རྩིས་པ་དྲུང་ལས་བསྟན་འཛིན་མཛེས་ལྡན་ལགས་ཀྱིས་དང་བླངས་དཔྱ་དངུལ་ལག་དེབ་སྐོར་ངོ་སྤྲོད་གནང་ཞིང་། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས་ཨིན་ཡུལ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་རྒྱལ་ཡོངས་འབྲེལ་མཐུད་པ་འབུམ་རམས་པ་ཏཱ་ར་ཨར་ཀཝ་ཧཱཊ་ལགས་ཀྱིས་ཚོགས་ཐུན་གཉིས་ཀྱི་ཁྲོད་གཞོན་སྐྱེས་རྣམས་ལ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་སྐོར་ངོ་སྤྲོད་དང་གོ་བསྡུར་ལྷུག་པོ་གནང་།
ཨིན་ཡུལ་སྐུ་ཚབ་དོན་ཁང་ནས་བྱང་ཡུ་རོབ་ཀྱི་བོད་མིའི་སློབ་ཕྲུག་རྣམས་ལ་རྒྱ་གར་དུ་ཡོད་པའི་བོད་ཕྲུག་དང་ལྷན་རིག་གཞུང་བརྗེ་རེས་ལས་རིམ་དང་། ཨིན་ཡུལ་གྱི་གཞོན་སྐྱེས་སློབ་སྦྱོང་ཚོགས་པ་ (Y-TEC) ནང་མཉམ་ཞུགས་གང་མང་གནང་དགོས་པའི་ནན་སྐུལ་གནང་། དེ་དང་འབྲེལ་ཌེན་མག་དང་། ནོར་ཝེ། སྭི་ཌན་བཅས་ཀྱི་སྐུ་ཚབ་རྣམས་ཀྱིས་བོད་མིའི་དབྱར་ཁ་དང་དགུན་ཁའི་གུང་གསེང་ལས་རིམ་སླར་གསོ་བྱེད་རྒྱུའི་ཐད་གྲོས་བསྡུར་གནང་ཡོད།
སྤྱིར་ཚོགས་འདུ་དེ་ནི་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ པའི་ནང་སྭི་ཌན་གྱི་རྒྱལ་ས་སི་ཀྲོག་ཧོམ་དུ་བསྐོང་ཚོགས་གནང་བའི་ཚོགས་འདུ་གོང་མའི་མཇུག་སྐྱོང་ཡིན་པ་རེད།
ཚོགས་འདུ་མཇུག་སྒྲིལ་བའི་རྗེས་སུ་ཌེན་མག་གི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ཚོགས་བཅར་བ་ཡོངས་ལ་དགོང་མོའི་གསོལ་སྟོན་འདེགས་འབུལ་གནང་ཞིང་། དེས་མཉམ་འབྲེལ་དང་གྲོས་མོལ་གྱི་གོ་སྐབས་ཞིག་ཀྱང་བསྐྲུན་ཐུབ་ཡོད་པ་བཅས།།