༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༡ ཉིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཀི་ཤན་ཀ་པུར་ (Kishan Kapoor) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐུགས་གསོའི་གསུང་
དེ་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དམ་པ་ཁོང་གི་སྐུ་ཟླར་ཕུལ་བའི་ཐུགས་གསོའི་འཕྲིན་ཡིག་ནང་། སྐུ་ཞབས་ཀི་ཤན་ཀ་པུར་མཆོག་ནི་བོད་ཀྱི་བློས་ཐུབ་གྲོགས་པོ་ཞིག་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཞིག་ཡིན་པ་མ་ཟད། དམ་པ་ཁོང་གིས་མགོན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་བྷཱ་རཏ་རཏྣཱ་ (Bharat Ratna) འབུལ་གནང་ཡོང་བའི་སྐུ་ལས་མུ་མཐུད་བསྐྱོན་ཡོད། ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམ་པ་ཁོང་ནི་བོད་དོན་འཐབ་རྩོད་ལ་ཐུགས་ཁུར་ཆེ་བཞེས་གནང་མཁན་ཞིག་ཡིན་ལ། འཕགས་བོད་གཉིས་ཀྱི་ས་མཚམས་སུ་རྒྱ་དཀར་ནག་དབར་གྱི་རྩོད་རྙོག་ཐད་བོད་ཀྱི་གལ་གནད་གསལ་སྟོན་གནང་མཁན་ཞིག་ཡིན་པ་གསུངས་ཡོད།
དེ་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཁོང་སྐུ་ཚེ་མ་ཟིན་པར་མྱ་ངན་ཞུ་བཞིན་དམ་པ་ཁོང་གིས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས་དམ་པ་ཁོང་གི་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་ཞུས་གནང་ཡོད།།