༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཀྱི་སྐོར་མཁས་དབང་ཁག་གི་གསུང་བཤད་ཕྱོགས་བསྒྲིགས་ཀྱི་འཕྲུལ་དེབ་འགྲེམས་སྤེལ་གནང་ཡོད།
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་ནས་ལོ་གཅིག་གི་རིང་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་གཏན་ཁེལ་བ་འདིའི་ཆ་ཤས་སུ་༸རྒྱལ་བའི་ཐུགས་བསྐྱེད་དམ་བཞིའི་སྐོར་སྐད་ཡིག་བཞིའི་ནང་ཡོད་པའི་འཕྲུལ་དེབ་འདོན་སྤེལ་ཞུས་ཡོད།
དེ་ཡང་བོད་ཡིག་དང་། ཨིན་ཡིག རྒྱ་ཡིག ཧིན་དཱིའི་སྐད་ཡིག་བཅས་སྐད་ཡིག་བཞིའི་ནང་ཡོད་པའི་འཕྲུལ་དེབ་འདི་བཞིན་དེ་སྔ་བཀའ་ཤག་སྐབས་ ༡༥ པས་ཕྱི་ལོ་ ༢༠༢༠ ལོར་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུས་པའི་ལས་རིམ་གྱི་ཆ་ཤས་སུ་མགོན་པོ་གང་ཉིད་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མཁས་དབང་བརྒྱ་ལྷག་གིས་གསུང་བཤད་གནང་བ་རྣམས་ཕྱོགས་བསྒྲིགས་ཞུས་པ་ཞིག་ཡིན།
༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་བགྲོ་གླེང་ལས་རིམ་འདི་ཉིད་དཔེ་དེབ་ཏུ་ཕྱོགས་བསྒྲིགས་དགོས་གལ་སྐོར་མང་ཚོགས་ནས་སྤྱི་སྨན་གོང་འཆར་ཕེབས་དོན་བཞིན་གསུང་བཤད་ཁག་ཡིག་འབེབས་དང་ཞུ་དག་གིས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐུགས་ཞིབ་དང་འབྲེལ་འདོན་སྤེལ་ཞུས་པ་ཞིག་ཡིན།
པར་སྐྲུན་འདིའི་ནང་མཁས་དབང་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་ཁོང་རྣམས་པས་ཡུན་རིང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཕྱག་ལས་གནང་བ་དང་། ཤེས་ཡོན་སྦྱངས་པའི་ཉམས་མྱོང་ལ་གཞི་བཅོལ་ནས་གཟིགས་ཚུལ་དང་། དགོངས་ཚུལ་རྣམས་གསལ་བཤད་གནང་ཡོད།
དེ་བཞིན་ཐུགས་འགན་དེ་དག་སྐོར་མང་ཚོགས་ཁྲོད་གོ་རྟོགས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཐུགས་འགན་དེ་དག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་གཏིང་ཟབ་གང་འདྲ་ཞིག་སྐྲུན་ཡོད་མེད་ཀྱི་སྐོར་ལ་རྒྱུས་མངའ་སྤེལ་ཐབས་གནང་བ་ཞིག་ཡིན།
དཔེ་དེབ་འདི་ནི་དེ་སྔ་ཕྱི་ལོ་ ༢༠༢༠ ལོར་བཀའ་ཤག་སྐབས་ ༡༥ པས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ནས་དབུ་འཛུགས་གནང་བ་ཞིག་དང་། འདི་ལོར་བཀའ་ཤག་སྐབས་ ༡༦ པས་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བའི་གྲ་སྒྲིག་གནང་བཞིན་པའི་སྐབས་འདོན་སྤེལ་ཐུབ་པ་ཞིག་ཡིན།
ཕྱི་དྲིལ་ལས་ཁུངས་ནས་འཕྲུལ་དེབ་འདིའི་ཐོག་གསལ་བའི་གནད་དོན་རྣམས་རྒྱ་ཆེའི་མང་ཚོགས་ནས་གཟིགས་ཐུབ་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཟབ་མོ་རྣམས་དོན་སྙིང་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། ལག་ལེན་བསྟར་འདོད་ཡོད་པ་ཚང་མར་ཕན་ཐོགས་ཡོང་བའི་དམིགས་ཡུལ་བཟུང་ཡོད། དྲ་ཐོག་དཔེ་དེབ་འདི་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ཐོག་གཟིགས་ཐུབ། གསུང་བཤད་ཆ་ཚང་བོད་ཀྱི་བརྙན་འཕྲིན་གྱི་ Facebook དང་ YouTube བརྒྱུད་ལམ་ཁག་ནས་གཟིགས་ཐུབ།
བོད་ཡིག་ཐོག་གཟིགས་ཆེད་འདིར་གནོན།
ཨིག་ཡིག་ཐོག་གཟིགས་ཆེད་འདིར་གནོན།