༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ པོའི་ཚེས་ ༣༠ ནས་ཕྱི་ཟླ་ ༢ ཚེས་ ༡ བར་ཉིན་གྲངས་གསུམ་རིང་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ནཱ་དུ་མངའ་སྡེའི་རྒྱལ་ས་ཅེ་ནའི་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡ པོའི་ཚེས་ ༣༠ ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཐོག་ཅེ་ནའི་གནམ་ཐང་དུ་ཕེབས་འབྱོར་སྐབས། སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་ལས་དྲུང་བསྟན་འཛིན་ཚེ་དཔལ་ལགས་ནས་ཕེབས་བསུ་ཞུས་པ་དང་། ཕྱི་དྲོ་ཆུ་ཚོད་ ༦།༡༥ ཐོག་ཅེ་ནའི་ས་གནས་བོད་ཀྱི་སྨན་རྩིས་ཁང་ལ་གཟིགས་སྐོར་ཕེབས་ཤིང་། སྐབས་དེར་སྨན་པ་བསྟན་འཛིན་ཚེ་བརྟན་ལགས་དང་ལས་བྱེད། སློབ་ཕྲུག་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་དགོས་དམིགས་དང་། ཕན་ཚུན་དགོངས་ཚུལ་བརྗེ་ལེན་དང་། དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༢༥ ཟླ་བ་ ༡ པོའི་ཚེས་ ༣༡ ཉིན་སྔ་དྲོ་ཅེ་ནའི་ལ་རྟེན་གཞི་བྱས་པའི་ཐེ་ཝན་གཞུང་ཚབ་ཁང་ལ་ཕེབས་ཏེ། དེ་གའི་གཞུང་ཚབ་ཆེན་མོ་སྐུ་ཞབས་རི་ཅར་ཌི་ སི་ ཨེལ་ ཁྲན་ (Richard C.L. Chen) ལགས་དང་། འགན་འཛིན་སྐུ་ཞབས་ཌེ་ནི་སི་ ཨེམ་ ཨེ་སི་ ཚའེ་ (Dennis M.S Tsai) ལགས་རྣམ་གཉིས་དང་ལྷན་མཇལ་འཕྲད་གནང་ཞིང་། ཐོག་མར་འཚམས་འདྲིའི་མཇལ་དར་དང་། ༧གོང་ས་མཆོག་གི་མཛད་རྣམ་ (My Land and My People) ཕྱག་དེབ་ཕུལ་རྗེས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ཐེ་ཝན་གཞུང་དང་བོད་མིའི་སྒྲིག་འཛུགས་དབར་གྱི་འབྲེལ་ལམ་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་དང་སྒྲོམ་གཞིའི་སྐོར་གསུངས་པ་དང་། གཞུང་ཚབ་མཆོག་ནས་རྒྱ་ནག་དམར་གཞུང་གིས་བོད་ནང་བོད་མིའི་ངོ་བོ་དང་། སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བཞིན་པའི་སྲིད་བྱུས་ལ་ཐུགས་འཚབ་ཡོད་སྐོར་གསུངས་འདུག
ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་རྒྱ་གར་ཁྲིམས་རྩོད་པ་སྐུ་ཞབས་ཀེ་ ཨར་ཝིན་ཌི་ (K. Arvind, Advocate at Madras High Court ) ལགས་དང་ལྷན་མཇལ་འཕྲད་གནང་བ་དང་། གཞི་རྩའི་ཁོང་ནི་དུས་རྒྱུན་བོད་དོན་ཐོག་ཐུགས་སྣང་ཡོད་མཁན་ཞིག་དང་། དེ་སྔོན་ས་གནས་སུ་སྤྱི་འཐུས་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་དཔོན་རིགས་ཁག་ལ་མཇལ་འཕྲད་ཀྱི་དུས་ཚོད་བཟོ་རྒྱུར་མཐུན་འགྱུར་གནང་མཁན་ཞིག་རེད་འདུག སྐུ་ཞབས་ཁོང་གིས་བོད་དང་རྒྱ་གར་གཉིས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་གཉིས་ཡིན་པ་དང་། ད་ལྟ་རྒྱ་ནག་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་བོད་མི་རྣམས་ལ་དཀའ་ངལ་འཕྲད་བསྡད་པའི་གནས་སྐབས་སུ། རྒྱ་གར་གཞུང་གི་བོད་མི་བཙན་བྱོལ་བ་ཚོར་དཔལ་འབྱོར་དང་ཤེས་ཡོན་སོགས་གང་ཅིའི་ཐད་ནས་རོགས་རམ་བྱེད་དགོས་གནས་དང་། ཁོང་ཉིད་ནས་གང་ཐུབ་བྱེད་ངེས་ཡིན་ཞེས་གསུངས་འདུག
ཕྱི་ལོ་ ༢༠༢༥ ཟླ་ ༢ པའི་ཚེས་ ༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དུ་མངའ་སྡེའི་བྷི་ཇེ་པི་ (BJP) སྤྱི་ཁྱབ་ལས་ཁུངས་སུ་ཆེད་བཅར་གྱིས་ས་གནས་ཀྱི་ཚོགས་པའི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཅ་ཀར་ཝར་ཐི་ (Chakravarthy, state vice president of BJP in Tamil Nadu) ལགས་དང་ལྷན་མཇལ་འཕྲད་ཀྱིས་འཚམས་འདྲིའི་མཇལ་དར་དང་། ༧གོང་ས་མཆོག་གི་མཛད་རྣམ་ (My Land and My People) ཕྱག་དེབ་ཕུལ། སྐུ་ཞབས་ཁོང་གིས། སྲིད་དོན་ཚོགས་པའི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པ་དང་། མངའ་སྡེའི་ཐོག་ནས་བོད་མིའི་ཚོའི་ཆེད་དུ་རོགས་རམ་ཇི་དགོས་སྐོར་བཀའ་འདྲི་གནང་བར། སྤྱི་འཐུས་རྣམ་གཉིས་ནས་རྩ་བའི་རྒྱ་གར་གཞུང་མང་གཉིས་ནི་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་དང་། བོད་ནང་རྒྱ་ནག་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་དང་། དམིགས་བསལ་མངའ་སྡེ་དང་འབྲེལ་ཡོད་ཨུ་ཀྲི་ (Ooty) ཁུལ་ལ་ཡོད་པའི་བོད་མི་སུད་ཚོང་བྱ་སའི་ས་ཆའི་དཀའ་ངལ་ཡོད་པ་རྣམས་སེལ་ཐུབ་ཐབས་སྐོར་དང་། དེ་བཞིན་ཅེ་ནའི་གྲོང་ཁྱེར་ནང་ཡོད་པའི་སྨན་རྩིས་ཁང་གི་ཐོག་ནས་ས་གནས་སུ་ནད་པ་མང་པོར་ཕན་ཐོགས་ཀྱི་ཡོད་ཀྱང་། ཁང་བདག་གི་ཁང་གླ་ཆེན་པོ་སྤར་ནས་དཀའ་ངལ་འཕྲད་ཀྱི་འདུག་ན་མངའ་གཞུང་ནས་རོགས་པ་གནང་རོགས་ཞེས་རེ་སྐུལ་ཞུས་པར། སྐུ་ཞབས་ཁོང་གིས་ས་གནས་སྨན་རྩིས་ཁང་གི་སྐོར་མངའ་སྡེའི་གཞུང་ལ་བཀའ་མོལ་ཞུས་ཆོག་ཞེས་དང་། ཨུ་ཀྲི་ཁུལ་ལ་ཡོད་པའི་བོད་མི་སུད་ཚོང་བའི་ས་ཆའི་སྐོར་ (Chief Engineer) ལ་ཐད་ཀར་དཀའ་ངལ་སེལ་དགོས་སྐོར་བཀོད་མངགས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
དགོང་དྲོ་ཆུ་ཚོད་ ༦།༠༠ ཐོག་མངའ་སྡེའི་ཀོང་རེ་སི་ (Congress) སྲིད་དོན་ཚོགས་པའི་ལས་ཁུངས་སུ་ཕེབས་ཏེ། ཚོགས་པའི་ས་གནས་ཀྱི་ཚོགས་གཙོ་སྐུ་ཞབས་ཀེ་ སིལ་ཝ་པེ་རན་ཐཱ་གྷེ་ (K. Selvaperunthagai, State President of Tamil Nadu Congress party) ལགས་དང་། ཚོགས་པའི་ཚོགས་གཞོན་སྐུ་ཞབས་ས་ཝར་ནཱ་ སེ་ཐུ་ར་མན་ (Swarnah Sethuraman, State Vice president of Tamil Nadu Congress party) ལགས་རྣམ་གཉིས་མཇལ་འཕྲད་ཀྱིས་འཚམས་འདྲིའི་མཇལ་དར་དང་ཕྱག་རྟགས་ཕུལ་རྗེས། སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་གཞུང་མང་གཉིས་ནི་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པ་དང་། ལྷག་པར་དུ་བོད་མི་རྣམས་ཐོག་མར་རྒྱ་གར་ལ་བཙན་བྱོལ་ལ་སླེབས་དུས་དེའི་སྐབས་ཀྱི་རྒྱ་གར་གྱི་སྲིདི་བློན་དམ་པ་ནེ་རུ་མཆོག་ནས་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བ་སོགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ཨུ་ཀྲི་བོད་མི་སུད་ཚོང་བའི་ས་ཆའི་དཀའ་ངལ་དང་། ས་གནས་སྨན་རྩིས་ཁང་གི་ཁང་གླའི་དཀའ་ངལ་ཐོག་རོགས་རམ་གནང་རྒྱུའི་རེ་སྐུལ་ཞུས་པར། ཨུ་ཀྲི་སུད་ཚོང་བའི་ས་ཆའི་དཀའ་ངལ་དང་། ས་གནས་སྨན་རྩིས་ཁང་གི་དཀའ་ངལ་སྐོར་རྗེས་ལ་ཡིག་ཐོག་ནས་གནང་དགོས་སྐོར་གསུངས་པ་དང་། བདུན་རྗེས་མའི་རེས་གཟའ་ཟླ་བའི་ཉིན་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་མཉམ་དུ་ཚོགས་འདུ་ཡོད་སྐོར་དང་། དེའི་སྐབས་དེ་དོན་སྐོར་བཀའ་མོལ་ཞུ་རྒྱུ་ཡིན་ཞེས་དང་། ས་གནས་སྨན་རྩིས་ཁང་ལ་ཁོང་རྣམ་པ་གཉིས་དངོས་སུ་འགྲོ་རྒྱུ་ཡིན་ཞེས་གསུངས་སོང་། རྩ་བའི་ཚོགས་པའི་ཚོགས་གཙོ་ཁོང་ཉིད་བོད་དོན་སྐོར་ལ་རྒྱུས་མངའ་ཡོད་མཁན་ཞིག་དང་། བོད་དོན་ཐོག་རྟག་ཏུ་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག་པ་བཅས། །