༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༣༠ ཉིན་ཌེན་མག་གི་རྒྱལ་ས་ཀོ་པན་ཧེ་གན་དུ་ས་གནས་ཀྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་འདུ་ (Civil Society Organisations) ཐེངས་གཉིས་པ་བསྐོང་ཚོགས་གནང་ཡོད། ཚོགས་འདུ་དེ་ནི་ཨིན་ཡུལ་སྐུ་ཚབ་དོན་ཁང་གཙོས་པའི་ཌེན་མག་བོད་རིགས་ལྷན་ཚོགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་བོད་དོན་ཞུ་གཏུག་སླད་མཉམ་སྦྲེལ་གྱིས་གོ་སྒྲིག་གནང་ཡོད།
སྐབས་དེར་ཨིན་ཡུལ་དང་། ལཊ་ཝི་ཡ། ལི་ཐུ་ནི་ཡ། ཨེས་ཏོ་ནི་ཡ། ཕིན་ལེནྜ། སྭི་ཌན། ནོར་ཝེ། ཌེན་མག་བཅས་ནས་ཁྱོན་ཚོགས་ཞུགས་པ་ ༢༥ ཕེབས་ཡོད། ཐེངས་འདིའི་ཚོགས་འདུ་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༦ པའི་ནང་སྭི་ཌན་གྱི་རྒྱལ་ས་སི་ཀྲོག་ཧོམ་དུ་ཚོགས་འདུ་ཐེངས་དང་པོ་ཚོགས་པའི་མཇུག་སྐྱོང་ཡིན་པ་རེད།
དེ་ཡང་ཚོགས་འདུའི་བརྗོད་གཞི་ནི་བོད་དོན་ཐོག་སྲིད་གཞུང་གི་ལངས་ཕྱོགས་ལ་འགྱུར་བཅོས་ཞེས་དང་། དམིགས་ཡུལ་གཙོ་བོ་ནི་ཨ་རིའི་སྲིད་གཞུང་ནས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་ནང་ལྟར། ཡུ་རོབ་ཀྱི་གནས་བབ་དང་འཚམས་པར་ཐབས་བྱུས་འཆར་འགོད་གནང་ཕྱོགས་ཐད་ཡིན་པ་རེད།
ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཚོགས་འདུ་དབུ་འབྱེད་གནང་སྟེ་ཌེན་མག་ནང་གི་ས་གནས་གནད་ཡོད་རྣམ་པས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཡན་ལག་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་མེན་ཌི་མེག་ཀི་ཨོན་ (Mandie McKeown) ལགས། (Tibet Justice Centre) ཞེས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཐད་ཞུ་གཏུག་གནང་མཁན་ཚོགས་པའི་གོ་ལོ་རི་ཡ་མོན་ཊི་གོ་མེ་རི་ (Gloria Montgomery) ལགས་བཅས་ངོ་སྤྲོད་དང་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མཉམ་ཞུགས་གནང་མཁན་ཡོངས་ལ་གོ་སྐབས་འདི་བཟུང་སྟེ་གྲོས་བསྡུར་དོན་སྙིང་ལྡན་པ་དང་། འབྲེལ་བ་གསར་འཛུགས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
ཚོགས་འདུའི་དབུ་འབྱེད་ཐོག་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་སྐུ་པར་ནིལ་ཕ་རནམ་ (Pernille Frahm) ལགས་ཕེབས་ཏེ་སྐུ་མགྲོན་གཙོ་བོའི་གསུང་བཤད་གནང་། ཁོང་མོས་རང་ཉིད་བོད་དོན་དང་མཉམ་དུ་འབྲེལ་བ་ཡུན་རིང་ཡོད་སྐོར་དང་། དྷ་རམ་ས་ལར་གཟིགས་སྐོར་གནང་བ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པ་སོགས་ཀྱི་སྐོར་དང་། དེ་བཞིན་མཉམ་ཞུགས་པ་རྣམས་ལ་བློ་བསྐྱེད་གསར་པ་དང་། ལས་འགུལ་སྤེལ་སྐབས་གོ་སྐབས་དམ་འཛིན་བྱེད་དགོས་པའི་སྐུལ་མ་གནང་བ་མ་ཟད། གྲོས་བསྡུར་ནང་མཉམ་ཞུགས་གནང་སྟེ་ཆབ་སྲིད་ཀྱི་ཉམས་མྱོང་དང་། དགོངས་ཚུལ་བརྗེ་ལེན་གནང་། དེ་རྗེས་བཀྲས་མཐོང་དབང་པོ་ལགས་ཀྱིས་སྣེ་ཁྲིད་དེ་ཚོགས་འདུའི་བརྗོད་གཞི་གཙོ་བོའི་ཐོག་མཉམ་ཞུགས་པ་དང་ལྷན་བསམ་ཚུལ་སྤེལ་རེས་གནང་ཡོད།དགོང་དྲོའི་ཚོགས་ཐུན་སྐབས་ (Alternative Party) ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ཟུར་པ་དང་རིག་གཞུང་བློན་ཆེན་ཟུར་པ་སྐུ་ཞབས་ཨུ་ཕེ་ཨེལ་བེག་ (Uffe Elbæk) ལགས་ཀྱིས་འཛམ་གླིང་གི་ཆབ་སྲིད་གནས་སྟངས་འགྱུར་བ་འགྲོ་བཞིན་པའི་སྐོར་དང་། བོད་མི་ཚོས་རྒྱ་ནག་ལ་གདོང་ལེན་བྱེད་སྐབས་ཨ་རི་གཅིག་པུར་བརྟེན་རྒྱུ་མང་དྲགས་པ་དེ་སྤངས་ཏེ། ཡུ་རོབ་ཀྱི་མཉམ་ལས་པ་ཚོ་དང་ལྷན་འབྲེལ་བ་ཤུགས་ཆེ་རུ་གཏོང་དགོས་པའི་དགོངས་ཚུལ་གནང་ཡོད། ཁོང་གིས་གི་རིན་ལེནྜ་ (Greenland) དང་བོད་དབར་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་བརྙན་པར་དང་གནས་ཚུལ་དེ་ལས་བསླབ་བྱ་བླངས་ནས་བོད་དོན་ལ་རྒྱབ་སྐྱོར་དང་གོ་རྟོགས་ཡར་རྒྱས་གཏོང་དགོས་ཞེས་གསུངས།
སྐབས་དེར་མཉམ་ཞུགས་པ་ཡོངས་ཀྱིས་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་དགའ་བསུའི་འཚམས་འདྲི་ཞུས་ཡོད་པ་དང་། ཚོགས་པའི་ཚོགས་གཙོ་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊེ་ནི་ཡ་སི་ཛ་ལི་མཱ་སེ་ (Dainius Žalimas) ལགས་ལ་ཐུགས་རྗེ་ཆེ་ཞུས་ཡོད།
དེ་བཞིན་མི་རིགས་རིག་པ་བ་ལྕམ་ཨེ་ལེན་བྷང་སི་བྷོ་ (Ellen Bangsbo) ལགས་རང་ཉིད་བོད་ནང་གནས་སྐོར་ཕྱིན་པའི་སྐབས་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་མིའི་འཚོ་བ་དང་། རིག་གཞུང་མཚོན་པའི་པར་རིས་བསྒྲོན་པ་ཁག་གློག་སྟོན་བརྙན་རིས་བརྒྱུད་ངོ་སྤྲོད་གནང་ཡོད།
ཚོགས་འདུ་དེ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༣༡ ཉིན་གང་འཚོགས་རྒྱུ་ཡིན་པ་དང་། དགོང་དྲོའི་ཚོགས་ཐུན་གྱིས་མཇུག་བསྡུ་རྒྱུ་ཡིན་པ་དང་། ཟླ་བ ༢ ཚེས་ ༡ ཉིན་ཨིན་ཡུལ་སྐུ་ཚབ་དོན་ཁང་གི་ཁྱབ་ཁོངས་ཨིན་ཡུལ་དང་། སྭི་ཌན། ནོར་ཝེ། ཌེན་མག་བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་རྣམ་པ་ལྷན་འཛོམས་ཀྱིས་བོད་དོན་སྐོར་གྲོས་བསྡུར་གནང་རྒྱུ་ཡིན་པ་བཅས།།