༄༅། །ཚོགས་གཙོ་ལྕམ་སྐུ་མཆོག་དང་། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། སྤན་ཟླ་ཕོ་མོ་རྣམས་ལ་ཞུ་རྒྱུར། དེ་རིང་ངོས་ལ་ཡོ་རོབ་གྲོས་ཚོགས་ཐོག་གཏམ་བཤད་བྱ་རྒྱུའི་གོ་སྐབས་འཐོབ་པ་འདི་ངོས་ནས་གཟི་བརྗིད་དུ་ངོས་འཛིན་བྱེད་ཀྱི་ཡོད། ཡོ་རོབ་མནའ་སྦྲེལ་གྱི་སྒྲིག་འཛུགས་འདི་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་། མི་མང་ཁག་བར་མཉམ་འབྲེལ་དང་། ཞི་བདེ་མཉམ་གནས་བཅས་བྱེད་པའི་མིག་དཔེ་བཟང་པོ་ཞིག་དང་། ལྷག་པར་ངོས་དང་འདྲ་བའི་རྒྱལ་ཁབ་ཕན་ཚུན་བར་ཤེས་རྟོགས་དང་། མཉམ་འབྲེལ། གུས་བརྩི་བཅས་བྱེད་དགོས་པའི་འདོད་ཚུལ་འཛིན་མཁན་གྱི་མི་ཚང་མའི་སྙིང་སྟོབས་གོང་དུ་འཕེལ་བའི་འགུལ་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡིན། ཁྱེད་རྣམ་པས་ངོས་རང་འདི་གར་མགྲོན་འབོད་གནང་བ་འདི་ནས་ཁྱེད་ཚོས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་དང་། སེམས་འཚབ་ཆེན་པོས་ཐུགས་འཁུར་གནང་གི་ཡོད་པ་གསལ་པོར་མཚོན་པར་བརྟེན་ངོས་ནས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་བོད་ཀྱི་གནའ་བོའི་ཆོས་རིག་ལ་སྱངས་བརྩོན་བྱེད་མྱོང་བའི་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་པ་ལས། ཆབ་སྲིད་ཐོག་སྱངས་བརྩོན་བྱེད་མྱོང་བའི་མཁས་པ་ཞིག་མིན། དེར་བརྟེན་ངོས་ནས་དེ་རིང་གི་གཏམ་བཤད་ནང་རང་གི་ད་ཕན་གྱི་མི་ཚེའི་ནང་ནང་ཆོས་སློབ་གཉེར་དང་ཉམས་ལེན་བྱས་པ་དང་། དེ་བཞིན་འཚེ་བ་མེད་པའི་ཞི་བའི་ཐབས་ལམ་ལ་བརྟེན་ནས་བོད་དོན་འཐབ་རྩོད་བྱས་པ་བཅས་ཀྱི་ཉམས་མྱོང་དང་། རང་གི་བསམ་བློ་གཏོང་སྟངས་སྐོར་ཞུ་རྒྱུ་ཡིན།
ད་ཆ་ང་ཚོ་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་བྱུང་རིམ་ནང་གི་དུས་ཚོད་གཉན་འཕྲང་ཅན་ཞིག་ལ་སླེབས་པའི་སྐབས་འདིར་ང་ཚོས་མིའི་རིགས་ཚང་མ་གཅིག་པ་ཡིན་པ་ཁས་ལེན་དགོས་པ་ཡིན། དེ་སྔ་རང་གཞན་ཚང་མས་སྤྱི་ཚོགས་སོ་སོ་ཁེར་རྐྱང་གི་འདུ་ཤེས་འཛིན་ན་འགྲིགས་ཀྱི་ཡོད་ཀྱང་། ད་ལྟའི་སྐབས་སུ་ཉེ་ཆར་ཨ་རིར་ཐབས་སྡུག་གི་གནས་ཚུལ་བྱུང་བ་འདི་ནས་སྤྱི་ཚོགས་གཅིག་ནང་གི་འགྱུར་འགྲོས་ཀྱིས་སྤྱི་ཚོགས་གཞན་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ང་ཚོས་ཤེས་ རྟོགས་བྱུང་ཡོད། དེར་བརྟེན་དེང་གི་འཛམ་གླིང་འདི་དེ་སྔ་དང་མི་འདྲ་བར་ཕན་ཚུན་གཅིག་ལ་གཅིག་བརྟེན་ཏེ་གནས་ཡོད་པ་ཡིན། གནས་ཚུལ་འདིའི་འོག་ནས་གཞན་གྱི་ཁེ་ཕན་ལ་བསམ་བློ་གཏོང་རྒྱུ་འདི་རང་གི་ཁེ་ཕན་དང་འབྲེལ་ཡོད་པ་གསལ་པོ་ཡིན། གལ་ཏེ་ང་རང་ཚོའི་ངོས་ནས་ཀུན་ཕན་གྱི་བསམ་བློ་གོམས་གཤིས་སུ་འཇགས་པ་ཞིག་བྱེད་མ་ཐུབ་ན། མ་འོངས་པར་རང་ཞན་ཚང་མ་ཉེན་ཁའི་གནས་སུ་ལྷུང་རྒྱུ་ཡིན་པ་གདོན་མི་ཟ་བ་ཡིན། ཀུན་ཕན་གྱི་བསམ་བློ་ཤུགས་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་ཡིན་པར་ངོས་ནས་ངོས་འཛིན་གཏིང་ཟབ་བྱེད་ཀྱི་ཡོད། ང་ཚོས་རང་ཉིད་གཅིག་པུ་དང་། རང་གི་ཁྱིམ་ཚང་། རང་གི་རྒྱལ་ཁབ་བཅས་ཁོ་ནའི་དོན་དུ་མ་ཡིན་པར་འགྲོ་བ་མི་ཀུན་གྱི་ཁེ་ཕན་སླད་དུ་འབད་བརྩོན་བྱེད་དགོས་པ་ཡིན། སོ་སོ་རང་ཉིད་བདེ་བ་དང་། འཛམ་གླིང་ཞི་བདེ། རང་བྱུང་གཏེར་དངོས་བེད་སྤྱོད་ཆ་སྙོམས་ཡོང་བ། དེ་བཞིན་མི་རབས་རྗེས་མ་རྣམས་ཀྱི་ཆེད་དུ་ཁོར་ཡུག་བདག་གཅེས་བྱ་རྒྱུ་བཅས་ཀྱི་རྨང་གཞི་བརྟན་ཤོས་ནི་ཀུན་ཕན་གྱི་བསམ་བློ་འདི་ཡིན། འཛམ་གླིང་འདིར་དཀའ་ངལ་དང་། རྩོད་རྙོག་རིགས་ཡོང་དོན་ནི་ང་ཚོ་ཚང་མ་འགྲོ་བ་མིའི་ཁྱིམ་ཚང་ཆེན་པོ་གཅིག་གི་ཁོངས་གཏོགས་ཡིན་པའི་མི་ཆོས་ཀྱི་བསམ་བློ་བཟང་པོ་འདི་མེད་པ་ལ་བརྟེན་ནས་བྱུང་བ་ཡིན། ང་ཚོ་ཚང་མ་མི་རིགས་དང་། ཆོས་ལུགས། རིག་གཞུང་། སྐད་ཡིག ལྟ་བ་སོགས་ཐ་དད་ཡིན་ཀྱང་། ཚང་མ་ཞི་བདེ་དང་། བདེ་སྐྱིད་འདོད་མཁན་གཅིག་པ་ཡིན་པའི་བསམ་བློ་གཏོང་མ་ཐུབ་པའི་སྐྱོན་ཡོང་གི་ཡོད། ང་ཚོ་ཚང་མ་བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པ་ཡིན་པས། དེ་ལྟར་ང་ཚོས་འབད་བརྩོན་གང་ཐུབ་བྱེད་ཀྱི་ཡོད། འཛམ་གླིང་འདིར་མི་རིགས་དང་། ཆོས་ལུགས། ལྟ་བ་སོགས་སྣ་མང་དགོས་མཁོ་ཡོད་པ་འདི་ལ་ང་ཚོས་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་བསྔགས་བརྗོད་བྱེད་ཀྱི་ཡོད་ཀྱང་། དོན་དམ་ལག་ལེན་བསྟར་མ་ཐུབ་པའི་རྐྱེན་གྱིས་མིའི་སྤྱི་ཚོགས་ནང་རྩོད་རྙོག་རིགས་ཡོང་གི་ཡོད།
འགྲོ་བ་མིའི་ལོ་རྒྱུས་བྱུང་རིམ་ནང་ཧ་ཅང་ཐབས་སྡུག་གི་གནས་ཚུལ་གཅིག་ནི་ཆོས་ལུགས་ཀྱི་གནད་དོན་ཐོག་ནས་འཐབ་རྩོད་བྱུང་བ་དེ་ཡིན། དུས་ད་ལྟའང་ཆོས་ལུགས་ལ་རྨོངས་ཞེན་གྱི་ཞེ་སྡང་དྲག་པོའི་འོག་ནས་མི་གསོད་ཁྲག་སྱོར་གྱི་བྱ་བ་དང་། སྤྱི་ཚོགས་གཏོར་བཤིག སྤྱི་ཚོགས་ཀྱི་བརྟན་ལྷིང་མེད་པ་བཟོ་བ་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད་པ་ཡིན། ང་རང་སྒེར་གྱི་ཉམས་མྱོང་ནས་ཞུས་ན། ཆོས་ལུགས་ཕན་ཚུན་བར་གྱི་མཐུན་ལམ་ལ་འགོག་རྐྱེན་མེད་པ་བཟོ་ཐབས་ནི་རང་དང་ཆོས་ལུགས་ཐ་དད་པའི་ཆོས་པ་རྣམས་དང་སྐད་ཆ་ཤོད་རེས་བྱ་རྒྱུ་འདི་ཡིན། དེ་ནི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བྱེད་ཐུབ་པ་ཡིན། ལོ་རབས་དྲུག་ཅུ་པའི་ལོ་མཇུག་ཏུ་ངོས་དང་ཡེ་ཤུའི་བཙུན་པ་ཐོ་མསི་མར་ཊོན་ཐུག་འཕྲད་བྱུང་བར་བརྟེན་ངོས་ཀྱིས་ཡེ་ཤུའི་ཆོས་ཀྱི་ངོ་མཚར་གནས་ལུགས་ཤེས་རྒྱུར་ཕན་ཐོགས་ཆེན་པོ་བྱུང་། ཡང་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པ་མཉམ་དུ་འཛོམས་ཏེ་སྨོན་ལམ་གསུང་འདོན་གནང་རྒྱུ་འདི་ཡང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་ཞིང་། དེ་སྔོན་ཕྱི་ལོ་ ༡༩༨༦ ལོར་ཨི་ཊ་ལིའི་ནང་ཨེ་སི་སི་ཞེས་པའི་ས་གནས་སུ་དེ་ལྟར་སྨོན་ལམ་གསུང་འདོན་གནང་ཡོད། ཕྱི་ལོ་ ༢༠༠༠ ལོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ལོ་སྟོང་ཚོ་གསར་པའི་འཛམ་གླིང་ཞི་བདེའི་ཆོས་ལུགས་ཀྱི་ཚོགས་ཆེན་སྐོང་འཚོགས་བྱས་པ་འདི་ཡང་བསྔགས་བརྗོད་འོས་པ་ཞིག་ཡིན། ང་རང་གི་ངོས་ནས་ཆོས་ལུགས་གཞན་ལ་གུས་བརྩི་ཞུ་བ་མཚོན་ཆེད་ཆོས་ལུགས་ཁག་གི་གནས་ཆེན་དང་། ལྷ་ཁང་སོགས་སུ་གནས་མཇལ་ལ་འགྲོ་གི་ཡོད། དཔེར་ན། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གསུམ་གྱི་གནས་ཆེན་ཇེ་རུ་སལམ་ལའང་གནས་མཇལ་དུ་བསྐྱོད་མྱོང་། དེ་ཙམ་དུ་མ་ཟད་རྒྱ་གར་དང་། དེ་མིན་གྱི་རྒྱལ་ཁབ་ཁག་ནང་ཧིན་རྡུ་དང་། ཁ་ཆེ། ཡེ་ཤུ། རྗེན། སིག་སོགས་ཀྱི་ཆོས་ཁང་ལའང་བསྐྱོད་མྱོང་། འདས་པའི་ལོ་སུམ་ཅུའི་ནང་ངོས་ནས་འཛམ་གླིང་ཆོས་ལུགས་ཁག་གི་དབུ་ཁྲིད་མང་པོ་དང་མཇལ་འཕྲད་ཞུས་ཏེ་ཆོས་ལུགས་ཕན་ཚུན་བར་མཛའ་མཐུན་དང་། ཕན་ཚུན་ཤེས་རྟོགས་གོང་འཕེལ་ཡོང་ཐབས་སྐོར་བཀའ་བསྡུར་ཞུ་མྱོང་ཡོད། དེ་ལྟར་ཕན་ཚུན་འབྲེལ་བ་བྱུང་བའི་སྐབས་སུ་ཆོས་ལུགས་གཞན་རྣམས་ཀྱང་རང་ཉིད་དད་མོས་ཞུ་སའི་ཆོས་ལུགས་དང་གཅིག་མཚུངས་ཀྱི་སྒོ་ནས་མི་རྣམས་ཀྱི་སེམས་ཀྱི་ཡོན་ཏན་གོང་འཕེལ་གཏོང་རྒྱུ་དང་། ཡ་རབས་ཀྱི་སྤྱོད་པ་ལྡན་པ་བྱེད་དགོས་པའི་བསླབ་བྱ་སྐུལ་ལྕག་གནང་གི་ཡོད་པ་ཤེས་ཐུབ། ཆོས་ལུགས་ཁག་བར་ལྟ་བ་དང་། གྲུབ་མཐའི་ཁྱད་པར་ཡོད་ཀྱང་ཚང་མ་མི་ཡ་རབས་ཤིག་ཡོང་བ་བྱེད་པར་ཕན་ཐོགས་ཡོད་པ་ཞིག་ཡིན། ཆོས་ལུགས་ཆེ་ཁག་ཚང་མས་བྱམས་སྙིང་རྗེ་དང་། བཟོད་བསྲན། སྙོམས་ཆུང་། རང་སེམས་རང་གིས་གཅུན་དགོས་པ་སོགས་ཀྱི་སློབ་སྟོན་གནང་གི་ཡོད་པར་བརྟེན། ཆོས་ལུགས་སྣ་མང་ང་ཚོར་དགོས་མཁོ་ཡོད་པ་ཤེས་པ་བྱེད་དགོས།
དེང་སང་སའི་གོ་ལ་ཧྲིལ་པོ་གཅིག་གྱུར་གྱི་སྤྱི་ཚོགས་ཤིག་ཏུ་འཕེལ་རྒྱས་འགྲོ་བའི་དུས་སྐབས་འདིར་རྩོད་རྙོག་གི་རིགས་འཚེ་བའི་ལས་དང་། ལྷག་པར་དུ་དམག་འཁྲུག་ལ་བརྟེན་ནས་སེལ་ཐབས་བྱས་ན་མི་འགྲིགས། སྤྱིར་བཏང་དམར་འཁྲུག་ཅེས་པ་འདི་མིའི་ལོ་རྒྱུས་བྱུང་རིམ་གྱི་ཆ་ཤས་ཤིག་ཡིན་པ་དང་། སྔོན་ཆད་ཀྱི་དམག་འཁྲུག་ལ་ཐ་མ་རྒྱལ་ཕམ་ཤན་འབྱེད་ཀྱི་གནས་ཚུལ་ཞིག་ཡོང་གི་ཡོད་ཀྱང་། ད་ཆ་དམག་འཁྲུག་ཆེན་པོ་ཞིག་བྱུང་བ་ཡིན་ན་སུ་ལའང་རྒྱལ་ཁ་ཐོབ་རྒྱུ་མེད། དེར་བརྟེན་ང་ཚོའི་ངོས་ནས་མ་འོངས་པར་རྡུལ་ཕྲན་མཚོན་ཆ་དང་། དྲག་པོའི་རྟེན་གཞི་བཅས་རྩ་བ་ནས་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ཕུགས་འདུན་དང་། སྙིང་སྟོབས་ངེས་པར་ཡོད་པ་བྱེད་དགོས། ལྷག་པར་དུ་ཨ་རིའི་ནང་གཏོར་བཤིག་དང་། ཁྲག་སྱོར་གྱི་གནས་ཚུལ་ཧ་ཅང་ཐབས་སྡུག་ཅིག་བྱུང་བའི་ཉམས་མྱོང་ནས་ང་ཚོས་བསླབ་བྱ་བླངས་ཏེ་ཕན་ཚུན་བར་གྱི་འགལ་ཟླ་རྣམས་གྲོས་མོལ་དང་། འཚེ་བ་མེད་པའི་ཐབས་ལམ་ཐོག་ནས་སེལ་ཐབས་བྱ་རྒྱུའི་ལེགས་བྱང་ཞིག་ཡོང་སླད་རྒྱལ་སྤྱིའི་འགན་འཁུར་གྱི་བསམ་བློ་ངེས་པར་དུ་གཏོང་དགོས།
མི་དང་མིའི་བར་དང་། རྒྱལ་ཁབ་དང་རྒྱལ་ཁབ་བར་ཁེ་ཕན་འཕྲོག་རྩོད་ཀྱི་མི་མཐུན་པའི་འགལ་ཟླ་བྱུང་བའི་སྐབས་སུ། དེ་དག་སེལ་བའི་ཐབས་ལམ་ཡག་ཤོས་ནི་རྣམ་དཔྱོད་ཀྱི་བློ་རྩལ་ལ་བརྟེན་ནས་ཕན་ཚུན་བར་སྐད་ཆ་ཤོད་རྒྱུ་འདི་ཡིན། འགྲོ་བ་མིའི་རིགས་ལ་མདུན་ལམ་བཟང་པོ་ཞིག་ཡོང་བར་བྱེད་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགོས་གཏུགས་ཀྱི་ལས་འགན་ནི་ཕན་ཚུན་བར་གྲོས་མོལ་དང་། འཚེ་བ་མེད་པའི་ལེགས་བྱང་དར་འཕེལ་ཡོང་བ་བྱ་རྒྱུ་འདི་ཡིན། སྲིད་གཞུང་ཁག་གིས་འཚེ་བ་མེད་པའི་ལྟ་གྲུབ་ལ་མོས་མཐུན་བྱས་པ་ཙམ་གྱིས་མི་འགྲིགས་པར་དེ་ལ་རྒྱབ་སྐྱོར་གྱིས་དངོས་སུ་ལག་ལེན་བསྟར་ཏེ་དར་འཕེལ་ཡོང་ཐབས་བྱ་རྒྱུ་གལ་ཆེན་པོ་ཡིན། འཚེ་བ་མེད་པའི་ལྟ་གྲུབ་དར་འཕེལ་ཡོང་བ་བྱེད་ཆེད་འཚེ་བ་མེད་པའི་ལས་འགུལ་ཁག་ནུས་པ་ལྡན་པ་ཞིག་དང་། གྲུབ་འབྲས་ཐོན་པ་ཞིག་ཡོང་རྒྱུར་རོགས་རམ་བྱེད་དགོས། ཕྱོགས་ཁ་ཤས་ནས་དུས་རབས་ཉི་ཤུ་པ་དེ་དམག་འཁྲུག་དང་། མི་གསོད་ཁྲག་སྱོར་གྱི་དུས་རབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་ང་ཚོས་དུས་རབས་གསར་པ་འདི་ངེས་པར་དུ་གྲོས་མོལ་དང་། འཚེ་བ་མེད་པའི་དུས་རབས་ཤིག་ཡོང་བར་བྱེད་ཆེད་འབད་བརྩོན་བྱེད་དགོས།
རྩོད་རྙོག་མང་པོ་ཞིག་ནི་ང་ཚོའི་སྙིང་སྟོབས་དང་། རྣམ་དཔྱོད་ལྡན་པའི་ཚོད་དཔག་བྱ་རྒྱུ་མ་ལྡང་བའི་རྐྱེན་གྱིས་བྱུང་བ་ཡིན། རྩོད་རྙོག་གི་རྐྱེན་རྩ་ཆུང་ངུ་ཐོན་པའི་དུས་སུ་དོ་སྣང་གཟབ་ནན་བྱེད་མ་ཐུབ་པར་ལྷོད་ཡངས་ཤོར་བ་དང་། རྗེས་སུ་རྐྱེན་མང་པོ་ཞིག་འཛོམས་ཏེ་མི་མང་ནང་ངམ། སྤྱི་ཚོགས་ཕྱོགས་གཉིས་བར་འཁོན་འཛིན་གྱི་ཚོར་བ་ཤུགས་དྲག་པོ་ཞིག་སླེབས་ཏེ་ཉེན་ཁའི་གནས་སུ་གྱར་བའི་སྐབས་ལ་འགོག་ཐབས་བྱེད་མ་ཐུབ་པའི་གནས་ཚུལ་ཡང་ཡང་ཡོང་གི་ཡོད་པ་ང་ཚོས་མཐོང་གསལ་ཡིན། དེར་བརྟེན་ཐོག་མར་རྩོད་རྙོག་གི་རྐྱེན་རྩ་ཆུང་ངུ་ལྷགས་པའི་སྐབས་སུ་ང་ཚོས་མཐོང་བར་བྱས་ཏེ། དེ་དག་ཆེན་པོ་མ་ཆགས་གོང་ཟློག་ཐབས་བྱེད་དགོས་པ་ཡིན། འགྲོ་བ་མི་ཕན་ཚུན་བར་གནས་པའི་འགལ་བའི་འཐབ་རྩོད་མང་ཆེ་བ་བསམ་བློ་གུ་ཡངས་པོ་དང་། འགྲིགས་ཆགས་ཡོང་ཐབས་ཀྱི་བསམ་བློའི་རྨང་གཞིའི་ཐོག་ནས་དོན་དམ་གྱི་གྲོས་མོལ་བྱས་ན་དཀའ་ངལ་སེལ་ཐུབ་རྒྱུ་ཡིན་པར་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། དེར་བརྟེན་ངོས་ནས་ང་ཚོའི་བོད་དོན་གྱི་དཀའ་ངལ་འདི་ཡང་འཚེ་མེད་ཞི་བའི་ཐབས་ལམ་གྱི་ཐོག་ནས་ཕན་ཚུན་བར་གྲོས་མོལ་བྱས་ཏེ་སེལ་ཐུབ་པའི་ཐབས་ཤེས་ད་བར་མུ་མཐུད་དེ་བྱས་ཡོད། ཐོག་མར་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱེད་པའི་སྐབས་སུ་ངོས་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་གཉིས་མོས་མཉམ་གནས་ཡོང་ཐབས་ཀྱི་འབད་བརྩོན་བྱས་པ་དང་། རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་ང་ཚོའི་མགོ་ཐོག་ཏུ་བཙན་འགེལ་བྱས་པའི་རྗེས་སུའང་ངོས་ནས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་མཉམ་ལས་གང་ཐུབ་བྱས་པ་ཡིན། གྲོས་མཐུན་ནང་རྒྱ་ནག་གཞུང་གིས་བོད་འདི་དམིགས་བསལ་ཅན་ཞིག་ཡིན་པ་དང་། བོད་ལ་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུ་དང་། བོད་ཀྱི་སྤྱི་ཚོགས་ཁོང་ཚོས་བཙན་ཤེད་ཀྱིས་བཅོས་བསྒྱུར་བྱ་རྒྱུ་མིན་པ་བཅས་ཀྱི་ཁས་ལེན་བྱས་ཡོད། འོན་ཀྱང་དེ་རྗེས་རྒྱ་ནག་གཞུང་གིས་གྲོས་མཐུན་རྡོག་རོལ་དུ་བཏང་སྟེ་བོད་མིའི་ཐོག་ཁོང་ཚོའི་ལྟ་བ་བཙན་འགེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དང་། མི་རིགས་ཀྱི་གོམས་གཤིས་བཅས་པར་བརྩི་བཀུར་བྱས་མེད། དེར་བརྟེན་བོད་མི་རྣམས་འུ་ཐུག་ནས་རང་དབང་སྒེར་ལངས་བྱས་པ་དང་། ཐ་མ་ཕྱི་ལོ་ ༡༩༥༩ ལོར་ངོས་རང་བོད་མི་མང་ལ་ཞབས་འདེགས་མུ་མཐུད་ཞུ་ཐུབ་པ་ཡོང་ཆེད་བཙན་བྱོལ་དུ་ཡོང་དགོས་བྱུང་།
ངོས་རང་བཙན་བྱོལ་དུ་འབྱོར་ནས་ད་བར་མི་ལོ་བཞི་བཅུ་ལྷག་ཙམ་སོང་བ་དེའི་རིང་བོད་ནང་གི་དབང་ཆ་ཆ་ཚང་རྒྱ་ནག་གཞུང་གིས་བཟུང་སྟེ་བོད་ནང་གཏོར་བཅོམ་དང་། སྡུག་བསྔལ་ཚད་མེད་བཟོས་ཡོད་པ་དེ་དག་ཚང་མས་མཁྱེན་གསལ་ལ་བརྟེན་ངོས་ནས་འདིར་བསྐྱར་བརྗོད་བྱ་རྒྱུ་མིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་རྒྱ་ནག་གཞུང་ལ་གནང་བའི་གོང་ཕུལ་སྙན་ཞུ་ཡིག་འབྲུ་ཁྲི་བདུན་ཞེས་པ་དེ་ནི། རྒྱ་ནག་གཞུང་གིས་བོད་ཐོག་དྲག་རྩབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པའི་ལོ་རྒྱུས་གསལ་པོ་འཁོད་པའི་ཡིག་ཆ་ཞིག་རེད། བོད་འདི་ད་ལྟའང་རྒྱ་ནག་གཞུང་གི་དྲག་པོའི་བཙན་བཟུང་འོག་གཉའ་གནོན་དང་། སྡུག་བསྔལ་མྱོང་བཞིན་ཡོད་པའི་རྒྱལ་ཁབ་ཅིག་ཡིན། བོད་འཛུགས་སྐྲུན་གྱིས་དཔལ་འབྱོར་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་ཀྱང་། བོད་མི་རིགས་ཆགས་འཇིག་གི་དཀའ་ངལ་གནས་སྟངས་མུ་མཐུད་དེ་ཡོད་བཞིན་པ་ཡིན། བོད་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་ངལ་ཚབས་ཆེ་ཡོད་པ་དེ་དག་ཕལ་མོ་ཆེ་ནི་མི་རིགས་དབྱེ་འབྱེད་དང་། རིག་གཞུང་དབྱེ་འབྱེད་ཀྱི་སྲིད་བྱུས་ལས་བྱུང་བ་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་ངལ་དེ་ཡང་ནད་གཞིའི་མངོན་རྟགས་ཙམ་ཞིག་ལས། རྩ་བའི་ནད་གཞི་ངོ་མ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་འདི་བོད་ཁ་བྲལ་དུ་འགྲོ་རྒྱུའི་ཉེན་ཁ་ཐུག་ས་ཞིག་ལ་ངོས་འཛིན་བྱེད་པ་དེ་ཡིན། དེའི་དབང་གིས་བོད་མི་རིགས་ཧྲིལ་པོ་དང་། རིག་གཞུང་གི་ངོ་བོ་བཅས་པ་རྩ་མེད་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་སླེབས་ཡོད།
ངོས་ནས་བོད་མིའི་རང་དབང་འཐབ་རྩོད་འདི་འཚེ་བ་མེད་པའི་ལམ་གྱི་ཐོག་སྣེ་འཁྲིད་བྱས་ཏེ། འགྲིགས་ཆགས་ཡོང་བའི་གུ་ཡངས་ཀྱི་བསམ་བློའི་ཐོག་ནས་རྒྱ་ནག་གི་དབུ་ཁྲིད་ཚོ་དང་མཉམ་དུ་གྲོས་མོལ་བྱས་ཏེ་བོད་རྒྱའི་དཀའ་རྙོག་འདི་ཕན་ཚུན་གཉིས་མོས་ཀྱི་ལམ་ནས་སེལ་ཐུབ་པའི་ཐབས་ལམ་ཞིག་ད་ལྟ་བར་བཙལ་འཚོལ་བྱས་དང་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༨༨ ལོར་གྲོས་ཚོགས་ཁང་འདིའི་ནང་ངོས་ནས་བོད་དོན་དཀའ་ངལ་གྲོས་མོལ་བྱས་ཏེ་སེལ་ཐབས་སུ་གཞུང་འབྲེལ་གྱི་གྲོས་འཆར་ཞིག་བཏོན་པ་དེ་དག་བོད་དོན་དཀའ་ངལ་སེལ་ཐབས་ཀྱི་རྨང་གཞི་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱས་པ་དང་། ཆེད་མངགས་བསམ་བློ་བཏང་སྟེ་གྲོས་འཆར་འདོན་སའི་གླེང་སྟེགས་ཀྱང་ཡོ་རོབ་གྲོས་ཚོགས་ཁང་འདི་བདམས་པ་ཡིན། གང་ཡིན་ཞེ་ན། ཡོ་རོབ་མནའ་སྦྲེལ་གྱི་སྒྲིག་འཛུགས་འདི་ལ་གལ་ཆེའི་ཁྱད་ཆོས་ཤིག་ཡོད་པ་ནི། ཕྱོགས་ཕན་ཚུན་ཚང་མར་འདོད་པ་ཁེངས་པའི་ཁེ་ཕན་ཞིག་ཡོད་ན། དེ་སྔ་ཐ་དད་དུ་གནས་པའི་རྒྱལ་ཁབ་བམ། སྤྱི་ཚོགས་གང་ཞིག་ཡིན་རུང་མ་བསྐུལ་དང་བླངས་ཀྱིས་དོན་དམ་གྱི་མནའ་སྦྲེལ་བྱེད་ཀྱི་ཡོད་པ་མཚོན་པ་དེ་ཡིན། ཕྱོགས་གཞན་ཞིག་ནས་ཕན་ཚུན་བར་ཡིད་ཆེས་དང་གཉིས་ཕན་མེད་པར་དྲག་ཤུགས་བེད་སྤྱད་དེ་དབང་སྒྱུར་བྱས་ན། དེ་སྔ་གོང་བུ་གཅིག་ཏུ་གནས་པའི་རྒྱལ་ཁབ་བམ་སྤྱི་ཚོགས་གང་ཞིག་ཡིན་ཡང་ཁ་བྲལ་དུ་འགྲོ་རྒྱུ་ཡིན།
སྐབས་དེར་ངོས་ནས་བཏོན་པའི་གྲོས་འཆར་ལ་རྗེས་སུ་དབུ་མའི་ལམ་དང་། སི་ཊས་སི་སྦག་གི་གྲོས་འཆར་ཞེས་བརྗོད་ཀྱི་ཡོད། གྲོས་འཆར་དེའི་ནང་བོད་འདི་རྒྱ་ནག་ལས་ཁ་བྲལ་མ་ཡིན་པར་རང་ལ་ཁ་ཞེ་གཉིས་མེད་ཀྱི་རང་སྐྱོང་མིང་དོན་མཚུངས་པ་ཞིག་དགོས་པའི་འདོད་ཚུལ་བཏོོན་ཡོད། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ལྔ་བཅུའི་གོང་ང་ཚོའི་ཐོག་བཙན་འགེལ་བྱས་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་གསལ་བའི་ཤོག་བུའི་ཐོག་གི་རང་སྐྱོང་དེ་ང་ཚོར་དགོས་ཕན་གང་ཡང་མེད། ང་ཚོར་དགོས་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་དང་། ཤེས་ཡོན། དཔལ་འབྱོར། ཁོར་ཡུག་སྲུང་སྐྱོབ་སོགས་ནང་གི་ལས་དོན་མཐའ་དག་བོད་པ་རང་གིས་རང་སྲིད་རང་སྐྱོང་ངམ། མིང་དོན་མཚུངས་པའི་རང་སྐྱོང་བྱེད་པའི་དབང་ཆ་དགོས་པ་འདི་ཡིན། དེ་མིན་བོད་ཀྱི་ཕྱི་སྲིད་དང་། རྒྱལ་སྲུང་གི་འགན་དབང་རྒྱ་ནག་གཞུང་གིས་མུ་མཐུད་རྒྱུན་འཛིན་བྱས་ན་འགྲིགས་ཞེས་བརྗོད་ཡོད། རྒྱ་ནག་གཞུང་གིས་ཐབས་ལམ་དེ་དག་ལག་ལེན་དུ་འཁྱོལ་བ་ཞིག་བྱས་ན་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཆེ་མཐོང་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུར་མ་ཟད། རྒྱ་ནག་གཞུང་གིས་གལ་ཆེར་འཛིན་པའི་བརྟན་ལྷིང་དང་། ཆིག་སྒྲིལ་ལའང་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན། ང་ཚོ་བོད་མི་རྣམས་ལའང་རང་གི་དཔལ་ཡོན་རྒྱུན་འཛིན་དང་། ས་མཐོའི་ཉམས་སླ་བའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གཞི་རྩའི་ཐོབ་ཐང་དང་། རང་དབང་ཡོང་རྒྱུ་ཡིན།
སི་ཊས་སི་སྦག་གི་གྲོས་འཆར་བཏོན་པ་ནས་བཟུང་ང་ཚོ་དང་། རྒྱ་ནག་གཞུང་བར་གྱི་འབྲེལ་བར་བཟང་ངན་གྱི་འཕེལ་འགྲིབ་མང་པོ་ཞིག་བྱུང་ཡོད། ངོས་ནས་དེ་རིང་འདིར་བློ་ཕམ་གྱིས་བརྗོད་རྒྱུ་ཞིག་ལ། རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་འདི་གལ་ཆེར་བརྩིས་ནས་སེལ་ཐབས་བྱ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་མེད་པ་དང་། དེ་ལ་བརྟེན་ནས་ད་བར་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད་པ་འདི་ཡིན། ངོས་ནས་ལོ་མང་རིང་རྒྱ་ནག་གཞུང་ལ་བོད་དོན་སྐོར་གྲོས་མོལ་བྱེད་དགོས་པའི་གྲོས་འཆར་བཏོན་པ་དང་། འབྲེལ་བ་འཛུགས་ཐབས་བཅས་བྱས་ཀྱང་ཁོང་ཚོའི་ཕྱོགས་ནས་བཟང་པོའི་བརྡ་ལན་གང་ཡང་བྱས་མ་བྱུང་། ཕྱི་ལོ་ ༢༠༠༠ ལོའི་ཟླ་ ༩ པར་ངོས་ཀྱི་ཕྱོགས་ནས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་འབྲེལ་བ་བྱས་ཏེ། བོད་དོན་དཀའ་ངལ་སེལ་ཐབས་སྐོར་ངོས་ཀྱི་བསམ་བློ་གཏོང་སྟངས་གསལ་པོ་འཁོད་པའི་ཡི་གེ་ཞིག་རྒྱ་ནག་གི་དབུ་ཁྲིད་ཚོར་འབུལ་ཆེད་སྐུ་ཚབ་མི་སྣ་གཏོང་རྒྱུའི་འདོད་པ་ཡོད་པ་དང་། སྐུ་ཚབ་ཚོས་ངོས་ཀྱི་ཡི་གེའི་ནང་དོན་རྣམས་གསལ་བཤད་བྱ་རྒྱུ་ཡིན་ཞིང་། དེ་ལྟར་ཕན་ཚུན་མི་ངོ་མ་གདོང་ཐུག་གིས་སྐད་ཆ་ཤོད་རེས་བྱེད་ཐུབ་པ་བྱུང་ན་། ཕན་ཚུན་བར་གོ་བརྡ་མ་འཕྲོད་པ་དང་། དོགས་པ་རྣམ་རྟོག་ཡོད་རིགས་སེལ་རྒྱུར་ཕན་ཐོགས་ཡོང་རྒྱུ་དང་། དེ་ལ་བརྟེན་ནས་ཕན་ཚུན་གཉིས་མོས་ཀྱི་ཐབས་ལམ་ཞིག་དཀའ་ཚེགས་མེད་པར་རྙེད་རྒྱུ་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསལ་པོར་བརྗོད་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་ད་བར་ངོས་ཀྱི་སྐུ་ཚབ་གཏོང་རྒྱུ་ཁས་ལེན་བྱས་མ་བྱུང་། ལོ་རབས་བརྒྱད་ཅུ་པའི་ནང་ང་ཚོའི་སྐུ་ཚབ་ཚོགས་པ་ཁག་དྲུག་བཏང་བ་དེ་དུས་དང་མི་འདྲ་བར་དེང་སྐབས་རྒྱ་ནག་གཞུང་གི་རྣམ་འགྱུར་ཧ་ཅང་མཁྲེགས་སུ་སོང་བའི་རྣམ་པ་གསལ་པོ་ཡོད། རྒྱ་ནག་གཞུང་གིས་ངོས་དང་ཁོང་ཚོའི་བར་གྱི་འབྲེལ་བའི་སྐོར་འགྲེལ་བརྗོད་ཇི་ལྟར་བྱེད་ཀྱི་ཡོད་ཀྱང་། དོན་ངོ་མ་ནི་ངོས་ཀྱི་སྐུ་ཚབ་དང་སྐད་ཆ་ཤོད་རེས་བྱ་རྒྱུ་ཁས་ལེན་བྱེད་ཀྱི་མེད་པ་འདི་རེད།
ངོས་ཀྱིས་བཏོན་པའི་དབུ་མའི་ཐབས་ལམ་ལ་རྒྱ་ནག་གཞུང་གིས་དོན་ཕན་ལྡན་པའི་བརྡ་ལན་མ་བྱས་པར་བརྟེན། རྒྱ་ནག་གཞུང་ཞི་བའི་སྒོ་ནས་བོད་མི་དང་མཉམ་དུ་སྡོད་རྒྱུའི་འདོད་བློ་རྩ་བ་ནས་མེད་པ་བོད་མི་མང་ཚོགས་ཀྱི་ཁྲོད་དོགས་པ་ཆེ་རུ་སོང་སྟེ། བོད་རང་བཙན་གཙང་མ་ཡོང་ཆེད་འཐབ་རྩོད་བྱ་རྒྱུའི་འདོད་ཚུལ་འཛིན་པ་དང་། ངོས་ཀྱི་དབུ་མའི་ཐབས་ལམ་ལའང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། བོད་མི་ཁ་ཤས་ཀྱིས་བོད་ནང་མང་མོས་འོས་བསྡུ་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། ཁོང་ཚོས་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་པ་ལྟར་བོད་ནང་དཀའ་རྙོག་མེད་པ་དང་། བོད་མི་མང་ལ་བདེ་སྐྱིད་ཡོད་པ་ཡིན་ན་། རྒྱ་ནག་གཞུང་ལ་བོད་ནང་མང་མོས་འོས་བསྡུ་བྱ་རྒྱུར་དཀའ་ཚེགས་གང་ཡང་ཡོང་དོན་མེད་ཅེས་བརྗོད་ཀྱི་ཡོད། ངས་ཀྱང་དེ་སྔོན་ནས་བོད་ཀྱི་མ་འོངས་པའི་མཐའ་མའི་མདུན་ལམ་བོད་མི་མང་གིས་ཐག་གཅོད་བྱེད་དགོས་ཞེས་བརྗོད་ཡོད། རྒྱ་གར་གྱི་སྲིད་བློན་དང་པོ་ནེཧ་རུས་ཕྱི་ལོ་ ༡༩༥༠ ཟླ་ ༡༢ ཚེས་ ༧ ཉིན་རྒྱ་གར་གྱི་གྲོས་ཚོགས་ཁང་དུ་བོད་ཀྱི་སྐོར་མཐའ་མའི་ཐག་གཅོད་བོད་མི་མང་རང་གིས་བྱེད་དགོས་པ་ལས། གཞན་སུ་ལའང་ཐག་གཅོད་བྱེད་པའི་དབང་ཆ་མེད་ཅེས་ཡོངས་གྲགས་ཀྱིས་གསུངས་ཡོད།
ངོས་ཀྱིས་བོད་ཀྱི་རང་དབང་འཐབ་རྩོད་འདི་འཚེ་བའི་ཐབས་ལམ་ལ་བརྟེན་ཏེ་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོར་ཆབ་སྲིད་ཀྱི་ཐབས་ལམ་མཐའ་དག་འཚོལ་རྒྱུའི་ཐོབ་ཐང་ཡོད་པ་ཡིན། ངོས་རང་རང་དབང་དང་། མང་གཙོ་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན་ཞིང་། ངོས་ནས་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་གྱི་ཐོག་བསྐྱོད་དགོས་པའི་སྐུལ་འདེད་བྱས་དང་བྱེད་བཞིན་ཡོད། ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་བཙན་བྱོལ་བའི་སྤྱི་ཚོགས་ནང་ཁྲིམས་བཟོ་ལྷན་ཁང་དང་། ཁྲིམས་ཞིབ་ཁང་། འཛིན་སྐྱོང་སྡེ་ཚན་བཅས་མང་གཙོའི་ཀ་བ་གསུམ་ཆ་ཚང་ཡོད་པ་ཕལ་ཆེར་བོད་པའི་སྤྱི་ཚོགས་འདི་ཙམ་ཡིན། འདི་ལོ་ང་ཚོས་མང་གཙོའི་ཐོག་གོམ་པ་ཆེན་པོ་ཞིག་སྤོས་ཏེ་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་ཤོག་འཕངས་ཏེ་བདམས་ཡོད། བཙན་བྱོལ་སྤྱི་ཚོགས་ཀྱི་གནད་དོན་མཐའ་དག་གི་དབང་ཆ་མི་མང་གིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ལྷན་ཚོགས་གཉིས་ནས་འཁུར་དགོས་པ་ཡིན། འོན་ཀྱང་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ཏེ་གྲོས་མོལ་བྱ་རྒྱུ་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་མིའི་རང་དབང་གི་མགྲིན་ཚབ་པ་བྱ་རྒྱུ་འདི་གཉིས་ངོས་ཀྱི་བཟང་སྤྱོད་ཀྱི་ལས་འགན་ཞིག་ཡིན།
ངོས་ཀྱིས་བཏོན་པའི་གྲོས་འཆར་ལ་རྒྱ་ནག་གཞུང་གིས་ལོ་མང་རིང་དོན་ཕན་ལྡན་པའི་བརྡ་ལན་མ་བྱས་པར་བརྟེན། ངོས་ལ་རྒྱལ་སྤྱིའི་ཐོག་འབོད་སྐུལ་ཞུ་རྒྱུ་ལས་གཞན་གྱི་ཐབས་ལམ་མེད་པར་གྱུར་པ་དང་། དེང་གི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཡོང་བར་བྱེད་པ་ལ། རྒྱལ་སྤྱིའི་ཐོག་ནས་གཅིག་མཇུག་གཉིས་གནོན་གྱི་གནོན་ཤུགས་ཆེན་པོ་ཞིག་སྤྲོད་རྒྱུ་ལས་གཞན་གྱི་ཐབས་ལམ་མེད་པ་ཡིན། དེ་ལ་རྒྱ་ནག་གཞུང་གིས་སྐབས་འཕྲལ་དེ་ལན་དེ་འཇལ་བྱ་རྒྱུ་གདོན་མི་ཟ་ཡང་། མཐར་ཐུག་བོད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཐོན་རྒྱུ་ཡིན། དེར་བརྟེན་རྒྱལ་སྤྱིའི་ཐོག་ནས་སེམས་འཁུར་དང་། རྒྱབ་སྐྱོར་ཆེན་པོ་གནང་རྒྱུ་འདི་གལ་ཆེན་པོ་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད་ལ། ང་རང་གི་ངོས་ནས་གྲོས་མོལ་བྱ་རྒྱུའི་དམ་བཅའ་བརྟན་པོར་གནས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་དྲང་པོ་དྲང་བཞག་དང་། བློ་རིག་གསལ་པོའི་ལྟ་ཚུལ་ཞིག་བཟུང་ནས་གྲོས་མོལ་འགོ་འཛུགས་བྱས་པ་ཡིན་ན་ཕན་ཚུན་གཉིས་སྨན་གྱི་ཐབས་ལམ་ཞིག་རྙེད་ངེས་ཡིན་པར་མ་ཟད། དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་ཆིག་སྒྲིལ་ལ་ཕན་ཐོགས་ཡོང་རྒྱུ་དང་། ང་ཚོ་བོད་མི་རྣམས་ཀྱང་རང་དབང་དང་། ཞི་བདེ། མི་མཐོང་ཆ་འཇོག་ཡོད་པ་བཅས་ཀྱི་ཐོག་ནས་གནས་ཐུབ་པ་ཡོང་རྒྱུ་ཡིན།
ཚོགས་གཙོ་ལྕམ་སྐུ་མཆོག་དང་། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། སྤན་ཟླ་ཕོ་མོ་རྣམ་པ་བཅས་ལ་ཞུ་རྒྱུར། ངོས་ནས་རང་ཉིད་བོད་ནང་བཙན་འོག་ཏུ་ཡོད་པའི་བོད་མི་ཕོ་མོ་རྣམས་ཀྱི་མགྲིན་ཚབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར་ཁོང་ཚོའི་ཚབ་བྱས་ཏེ་སྐད་ཆ་ཤོད་རྒྱུ་ནི་ངོས་ཀྱི་འགན་ཡིན། འོན་ཀྱང་ངོས་ནས་སྐད་ཆ་ཤོད་པའི་སྐབས་སུ་ངོས་ཀྱི་མི་མང་ལ་སྡུག་བསྔལ་ཚད་ལས་འདས་པ་བཟོས་ཏེ་ང་ཚོའི་ཕ་ཡུལ་དང་། ཁྱིམ་གཞིས། ལྷ་ཁང་། དགོན་ སྡེ། རིག་གཞུང་བཅས་པ་མཐའ་དག་གཏོར་བཤིག་གཏོང་མཁན་རྣམས་ལ་ཁོང་ཁྲོ་འཁོན་འཛིན་གྱི་བསམ་བློ་འཆང་གི་མེད། ཁོང་ཚོ་ཡང་བདེ་བ་འདོད་མཁན་གྱི་མི་གཅིག་གྱུར་ཡིན་པར་བརྟེན་བྱམས་དང་སྙིང་རྗེ་སྒོམ་གྱི་ཡོད། ངོས་ནས་འདིར་སྐད་ཆ་ཤོད་དགོས་དོན་ནི། བོད་ནང་གི་ཐབས་སྡུག་གནས་སྟངས་དང་། བོད་མི་མང་ལ་འདོད་ཚུལ་ཇི་ལྟར་ཡོད་པ་རྣམས་ཁྱེད་རྣམ་པས་མཁྱེན་རྟོགས་ཡོང་བའི་ཆེད་དུ་ངོ་སྤྲོད་ཞུ་རྒྱུ་འདི་ཡིན། དེ་ཡང་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལག་ཆ་ནི་བདེན་དོན་ཁོ་ན་ལས་གཞན་མེད། ད་ཆ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྒྱ་ཆེ་གཏིང་ཟབ་འདི་དང་། མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁའི་དུས་སུ་སླེབས་ཡོད་པར་བརྟེན་བོད་མི་རིགས་རིག་གཞུང་དང་བཅས་པ་མུ་མཐུད་འཚོ་གནས་ཐུབ་པའི་ཆེད་དུ་ཁྱེད་རྣམ་པས་རྒྱབ་སྐྱོར་རོགས་རམ་ཤུགས་ཆེ་གནང་རོགས་ཞེས་ཞུ་རྒྱུ་ཡིན།
བོད་ནང་དྲག་གནོན་བྱེད་ཤུགས་ཆེ་རུ་འགྲོ་བ་དང་། ཁོར་ཡུག་ཀྱང་མུ་མཐུད་ཉམས་ཆག་འགྲོ་བཞིན་ཡོད་པ། ལྷག་པར་བོད་མི་རིགས་ཀྱི་ངོ་བོ་རིག་གཞུང་འཆར་གཞི་ལྡན་པའི་ཐོག་ནས་རྩ་མེད་བཟོ་སྟངས་དེ་ཚོ་ལ་བལྟས་ན་ད་ཆ་ཕལ་ཆེར་རེ་བ་བྲལ་བ་ལྟ་བུའི་གནས་སྟངས་ཤིག་ཡོད། འོན་ཀྱང་རྒྱ་ནག་སྟོབས་ཤུགས་ཆེན་པོ་གང་འདྲ་ཞིག་ཡིན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་ཞིང་། དེང་གི་རྒྱལ་སྤྱིའི་འགྱུར་འགྲོས་ནི་གུ་ཡངས་དང་། རང་དབང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། དེར་བརྟེན་རྒྱ་ནག་ཀྱང་དུས་ཚོད་སྔ་ཕྱི་ཙམ་མ་གཏོགས་འགྱུར་འགྲོས་དེའི་ནང་ཞུགས་དགོས་རྒྱུ་ལས། དྲང་པོ་དང་། བདེན་པ། རང་དབང་བཅས་ལ་རྒྱབ་གཏད་དེ་སྡོད་ཐུབ་ཐབས་མེད། དེས་ན་ང་ཚོའི་བོད་ཀྱི་དཀའ་ངལ་འདི་ཡང་རྒྱ་ནག་དང་འབྲེལ་ཡོད་པར་བརྟེན་སེལ་ཐུབ་རྒྱུའི་རེ་བའི་གཞི་རྩ་དང་། རྒྱུ་མཚན་ཡོད་པ་ཡིན། ཡོ་རོབ་གྲོས་ཚོགས་ནས་འགྱུར་བ་མེད་པའི་བཟང་སྤྱོད་ཀྱི་ལྟ་བའི་ཐོག་ནས་རྒྱ་ནག་གཞུང་དང་སྔ་རྗེས་སུ་འབྲེལ་བ་གནང་བ་འདིས་དེང་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་ཡོད་པ་དེ་མགྱོགས་སུ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན། ངོས་ནས་ཡོ་རོབ་གྲོས་ཚོགས་ཀྱིས་བོད་མིའི་འཚེ་བ་མེད་པའི་རང་དབང་འཐབ་རྩོད་ལ་སེམས་འཁུར་ཆེན་པོས་སྔ་ཕྱི་བར་གསུམ་དུ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་རྒྱབ་སྐྱོར་ནི་ང་ཚོ་བོད་གཞིས་བྱེས་གཉིས་ཀའི་མི་མང་གི་སྙིང་སྟོབས་གོང་དུ་འཕེལ་བའི་གཞི་རྩ་གལ་ཆེན་པོ་ཞིག་ཡིན། དེ་བཞིན་ཡོ་རོབ་གྲོས་ཚོགས་ཐོག་བོད་དོན་སྐོར་གྲོས་ཆོད་མང་པོ་ཞིག་བཞག་ཡོད་པ་དེས་བོད་མིའི་དཀའ་སྡུག་གནས་ཚུལ་དང་། བོད་དོན་སྐོར་ཡོ་རོབ་ས་ཁུལ་དང་། འཛམ་གླིང་ས་ཁུལ་གཞན་བཅས་ཀྱིས་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད།
ཡོ་རོབ་གྲོས་ཚོགས་ནས་ཡོ་རོབ་མནའ་སྦྲེལ་སྒྲིག་འཛུགས་ཁོངས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཅིག་བསྐོ་གཞག་གནང་དགོས་པའི་གྲོས་ཆོད་བཞག་པ་འདིས་ངོས་ལ་དམིགས་བསལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། གྲོས་ཆོད་འདི་ལག་ལེན་དུ་འཁྱོལ་ཐུབ་པ་ཞིག་བྱུང་ན་ཡོ་རོབ་མནའ་སྦྲེལ་སྒྲིག་འཛུགས་ཀྱི་ཐོག་ནས་བོད་དོན་དཀའ་ངལ་འདི་ཞི་བའི་གྲོས་མོལ་གྱི་ཐོག་ནས་སེལ་རྒྱུར་མུ་མཐུད་འགྱུར་བ་མེད་པ་དང་། ནུས་པ་ལྡན་པ། རྣམ་དཔྱོད་ལྡན་པ་བཅས་ཀྱི་ཐོག་ནས་ཕན་ཐོགས་བྱེད་ཐུབ་རྒྱུ་ཙམ་དུ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་སོགས་བོད་མིའི་ཁྲིམས་མཐུན་གྱི་དགོས་འདུན་གཞན་ལའང་རྒྱབ་སྐྱོར་ཡོང་རྒྱུ་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། དེས་རྒྱ་ནག་གཞུང་ལའང་ཡོ་རོབ་མནའ་སྦྲེལ་སྒྲིག་འཛུགས་ངོས་ནས་བོད་དོན་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་རྒྱུ་དེ་གལ་ཆེན་པོར་རྩི་གི་ཡོད་པའི་བརྡ་གསལ་པོ་ཞིག་གཏོང་རྒྱུ་རེད། ཁྱེད་རྣམ་པས་བོད་དོན་ཐོག་མུ་མཐུད་སེམས་འཁུར་དང་། རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་འདིས་མ་འོངས་པར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་པ་སྟེ། བོད་དོན་དཀའ་ངལ་དོན་ཕན་ལྡན་པའི་གྲོས་མོལ་གྱི་ཐོག་ནས་སེལ་རྒྱུའི་ཆབ་སྲིད་ཀྱི་ཁོར་ཡུག་བསྐྲུན་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན། ད་ལྟ་ང་ཚོ་ལོ་རྒྱུས་འཕོ་འགྱུར་གྱི་དུས་ཚོད་གཉན་འཕྲང་ཅན་ཞིག་ལ་སླེབས་པའི་སྐབས་འདིར་ང་ཚོར་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞེས་ཞུ་རྒྱུ་དང་། དེ་བཞིན་ངོས་ལ་དེ་རིང་འདིར་གཏམ་བཤད་བྱ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།
ཏཱ་ལའི་བླ་མས་ཕྱི་ལོ་༢༠༠༡ ཕྱི་ཟླ་ ༡༠ ཚེས་ ༢༤ ལ།།