༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་དཀོན་མཆོག་ཡང་འཕེལ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་སི་ཀེན་ཌི་ནེ་ཝི་ཡེན་ (Scandinavian) རྒྱལ་ཁོངས་སུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༣ ནས་དབུ་འཛུགས་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཌན་མག་རྒྱལ་ཁབ་ཏུ་ལས་རིམ་ལེགས་པར་གྲུབ་སྟེ་སྤྱི་འཐུས་རྣམ་པ་གསུམ་དང་། ཨིན་ལན་སྐུ་ཚབ་དོན་གཅོད། དོན་ཁང་གི་དྲུང་ཆེ་བཅས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༦ སྔ་དྲོ་ཌན་མག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཌར་སི་ ཨེཇ་ ཨན་ཌར་སན་ (Mr.Anders H. Andersen) ལགས་ཀྱིས་ཕེབས་སྐྱེལ་དང་བཅས་རྒྱལ་ས་ཀོ་པན་ཧཱ་གན་གྱི་གནམ་ཐང་ནས་ཕེབས་ཐོན་གནང་སྟེ་སུཝི་ཌན་གྱི་རྒྱལ་ས་སི་ཊོག་ཧོམ་ (Stockholm) གྱི་བཞུགས་གནས་མགྲོན་ཁང་དུ་ཉིན་གུང་ཆུ་ཚོད་ ༡།༠༠ ཐོག་འབྱོར་སྐབས་སུཝི་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་བློ་བཟང་ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཊ་ཡེ་སི་ ཡོན་ནེ་སི་ཌི་ཊི་ (Mr. Mattias Bjornerstdetd, Chairmon Swedish Tibet Committee) ལགས་རྣམ་གཉིས་ནས་ཕེབས་བསུ་ཞུས།ཕྱི་དྲོ་ཆུ་ཚོད་ ༤།༠༠ ནས་ ༦།༣༠ བར་ཡིད་བཞིན་ནོར་བུའི་ཆོས་ཚོགས་སུ་ས་གནས་བོད་རིགས་ཚོགས་པའི་གོ་སྒྲིག་འོག་སུཝི་ཌན་དུ་གནས་སྡོད་བོད་མི་རྣམས་ལ་ཐུག་འཕྲད་ཀྱིས་སྤྱི་འཐུས་རྣམ་པ་གསུམ་དང་དོན་གཅོད་བཅས་ནས་སྐབས་འདིར་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཕེབས་དོན་སྐོར་དང་། བོད་མི་རྣམས་འཛམ་གླིང་ས་ཕྱོགས་འདྲ་མིན་ལ་ཁ་འཐོར་ཡོད་ནའང་། བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་འགན་ཁུར་ཏེ་གཞོན་སྐྱེས་རྣམས་བོད་ཕྲུག་རྣལ་མ་བཟོ་དགོས་སྐོར། ང་ཚོའི་ཁ་གཏད་དགྲ་བོ་རྒྱ་དམར་ཡིན་པ་ལྟར་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་ཐོག་ནུས་པ་མཉམ་སྤུངས་ཀྱིས་ཁ་གཏད་བཅག་དགོས་སྐོར་སོགས་གསུང་བཤད་གནང་བ་དང་། དྲི་བ་དྲིས་ལན་དང་ཕན་ཚུན་ནང་མོལ་གྱི་ལམ་ནས་རྒྱལ་ཁབ་འདིར་གནས་སྡོད་བོད་མི་རྣམས་ཀྱི་གནས་སྟངས་ལ་རྒྱུས་ལོན་དང་། བོད་ཕྲུག་གསོ་སྐྱོང་བྱེད་ཕྱོགས། དང་བླང་དཔྱ་དངུལ་དང་འབྲེལ་བའི་གནས་ཚུལ་མང་པོའི་སྐོར་ལ་བསམ་ཚུལ་དང་ལམ་སྟོན་སོགས་བགྲོ་གླེང་ལྷུག་པོ་བྱུང་བ་མ་ཟད། དགོང་མོ་ཆུ་ཚོད་ ༧།༠༠ ནས་ ༩།༠༠ བར་དུ་བོད་རིགས་ཚོགས་པས་དགོང་ཚིགས་འདེགས་འབུལ་གནང་སྐབས་ཀྱང་བོད་མི་གང་འཚམས་མཉམ་ཞུགས་ཀྱིས་གཞིས་བྱེས་བོད་མིའི་བདེ་སྡུག་དང་འབྲེལ་བའི་སྐོར་ལ་གླེང་མོལ་གང་ལེགས་བྱུང་ཞིང་མི་མང་ཁག་ཅིག་ས་ཐག་ཀི་ལོ་མི་ཊར་ ༡༠༠༠ ལྷག་ནས་ཆེད་བཅར་ཞུས་འདུགཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༧ སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ཕྱི་དྲོ་ཆུ་ཚོད་ ༢།༠༠ བར་སུཝི་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་ཨེ་ནི་ཊ་ ཧེ་གྷེ་ལིན་ (Ms. Anita Hagelin) ལགས་དང་། ལྕམ་སྐུ་སེ་སི་ལིཡ་ ཌར་བྷེ་ (Ms. Cecilia Darbae) ལགས་རྣམ་གཉིས་ཀྱི་གོ་སྒྲིག་དང་སྣེ་ཤན་མཐུན་འགྱུར་འོག་རྒྱལ་ས་སི་ཊོག་ཧོམ་ (Stockholm) གྱི་ (VASA MUSEET) ཞེས་པའི་འགྲེམ་སྟོན་ཁང་གྲགས་ཆེན་གཙོས་རྒྱལ་ཁབ་དེའི་བྱུང་རབས་དང་། ཆོས་ལུགས། སྤྱི་ཚོགས་སོགས་ཀྱི་གནས་སྟངས་མཚོན་བྱེད་ལོ་རྒྱུས་རང་བཞིན་ལྡན་པའི་འགྲེམ་སྟོན་ཁང་འདྲ་མིན་ཁག་བཞི་ཙམ་ནང་གཟིགས་སྐོར་དང་རྒྱུས་ལོན་གནང་།
ཕྱི་དྲོ་ཆུ་ཚོད་ ༣།༠༠ ནས་ ༤།༠༠ བར་སུཝི་ཌན་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ། གྲོས་ཚོགས་འཐུས་མི་ལྕམ་སྐུ་མར་གྷ་རེ་ཊ་སི་ཊར་ཕེལཌ་ (Ms. Margareta Cederfelt, MP Chairperson Swedish Parliamentary Friendship Group for Tibet) མཆོག་མཇལ་འཕྲད་ཞུས་ཤིང་། སྐབས་དེར་བོད་མི་མང་སྤྱི་འཐུས་རྣམ་པས་སྤྱི་ལྷན་གྱི་ཕྱགས་རྟགས་སོགས་འབྲེལ་ཡོད་ཡིག་ཆ་ཁག་ཕུལ་བ་དང་། གཙོ་བོ་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ཉེ་ཆར་དིང་རི་སོགས་སུ་ས་ཡོམ་བྱུང་རྗེས་རྒྱ་གཞུང་གིས་དྲག་གནོན་བྱེད་ཕྱོགས་སོགས་ལས་འཕྲོས་ཏེ་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས། མ་འོངས་པར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་དུ་མཉམ་ཞུགས་ཡོང་ཐབས་སོགས་ཞུས་པར་ལྕམ་སྐུ་མཆོག་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཇི་ཡིན། རང་དབང་ཡོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་གནང་ཕྱོགས་དང་། ལྷག་པར་དུ་སུཝི་ཌན་རྒྱལ་ཁབ་གྱི་དབུ་ཁྲིད་རྣམས་ལ་ཞུ་སྐུལ་གནང་ཕྱོགས། རྒྱ་ནག་གིས་བོད་ལ་དྲག་གནོན་གཏོང་བཞིན་པ་མ་ཟད། འབྲེལ་ཡོད་རྒྱབ་ཁབ་མང་པོའི་ནང་གནོན་ཤུགས་སྤྲོད་བཞིན་པ་སོགས་ལ་གདོང་ལེན་གནང་ཕྱོགས་སྐོར་སོགས་ལྷག་བསམ་ལྷད་མེད་ཀྱིས་ལམ་སྟོན་ཁ་གསལ་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་སོགས་ཁོར་ཡུག་ཁག་ཏུ་གཟིགས་སྐོར་གནང་། སྐབས་དེར་ཨིན་ལན་སྐུ་ཚབ་དོན་གཅོད་དང་དྲུང་ཆེ། གོང་གསལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གཉིས་མཉམ་ཞུགས་གནང་།དགོང་མོ་ཆུ་ཚོད་ ༦།༠༠ ནས་ ༨།༣༠ བར་སུཝི་ཌན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་སྤྱི་འཐུས་རྣམ་པ་གསུམ་ལ་དགོང་ཚིགས་འདེགས་འབུལ་སྐབས་བོད་དོན་སྐོར་ལ་ཁོང་རྣམས་ནས་ཕྱག་ལས་གནང་ཕྱོགས་དང་། མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་དང་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་སྐོར་སོགས་ལ་ནང་མོལ་ལྷུག་པོ་གནང་། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཊ་ཡེ་སི་ ཡོན་ནེ་སི་ཌི་ཊི་ (Mr. Mattias Bjornerstdetd) ལགས་དང། ཚོགས་མི་ལྕམ་སྐུ་ཨེ་ནི་ཊ་ ཧེ་གྷེ་ལིན་ (Ms. Anita Hagelin) ལགས། ལྕམ་སྐུ་སེ་སི་ལིཡ་ ཌར་བྷེ་ (Ms. Cecilia Darbae) ལགས། ལྕམ་སྐུ་སོ་ནི་ཡ་ ཨལ་ཝེ་སི་ (Ms. Sonia Alves) ལགས་བཅས་དང། གཞན་ཡང་བོད་དོན་སྐོར་ལ་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་གྷུ་ནི་ལ་ པ་ལོ་ ནོར་ཌི་ལུན་ཌི་ (Gunilla Palo Nordlund) ལགས་བཅས་མཉམ་ཞུགས་གནང་།ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༢༨ ཕྱི་དྲོ་ཆུ་ཚོད་ ༡།༣༠ ནས་ ༣།༠༠ བར་སུཝི་ཌན་གྲོས་ཚོགས་ར་བའི་ཚོགས་ཁང་ཞིག་ནང་སུཝི་ཌན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་དང་གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་རིཡ་ སི་ཊོཀ་ཧོསི་ (Ms.Maria Stockhaus MP (Moderate party) Swedish Parliamentary Friendship Group for Tibet) ལགས་ཀྱི་གཙོ་སྐྱོང་འོག་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཧ་ནཱ་ གྷུ་ནར་སན་ (Ms.Hanna Gunnarsson MP, Left party) ལགས་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་མ་ གྷུ་ལམ་ ཨ་ལི་ པོར་ (Mr.Nima Gholam Ali Pour MP, Sweden Democrats) ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་བྷི་ཡོན་ ཛུ་ཌར་ (Mr.Björn Söder MP, Sweden Democats) ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེ་ཀོབ་ རི་སི་བྷརྒ་ (Mr. Jakob Risberg MP, Green Party) ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་རིག་ ཧིལ་སི་བྷོ་རོན་ (Mr. Erik Hellsbron MP, Sweden democrats) ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོན་ ཨི་ ཝི་ནར་ཧོལ་ (Mr.John E Weinerhall MP, Moderate) ལགས་བཅས་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་རྣམས་དང་ལྷན་འཛོམས་སར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམས་ཀྱིས་འབྲེལ་ཡོད་ཡིག་ཆ་ཁག་ཕུལ་ཞིང་། བཙན་བྱོལ་བོད་མིའི་མང་གཙོའི་གནས་སྟངས་སྐོར་དང་། བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད། བོད་དོན་ཞུ་སྐུལ་གྱི་ཡིག་ཆའི་ནང་དོན་ལྟར་རྒྱབ་སྐྱོར་ཡོང་ཐབས་བཅས་ཀྱི་སྐོར་རེ་སྐུལ་ཞུས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་ཡང་སྲིད་སྐོར་དང་། པཎ་ཆེན་རིན་པོ་ཆེའི་གནས་སྟངས་སྐོར། བོད་ཀྱི་ཁོར་ཡུག་གི་གནས་སྟངས། རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཇི་ཡིན་སྐོར་སོགས་གནད་དོན་གལ་ཆེ་མང་པོའི་ཐད་དྲི་བ་བྱུང་བ་རྣམས་ལ་ལན་འདེབས་གསལ་བཤད་འཐུས་གཙང་གནང་བ་དང་། སུཝི་ཌན་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་གནང་བ་སོགས་ཀྱི་གལ་ཆེའི་ཚོགས་འདུ་གནང་འདུག སྐབས་དེར་ཨིན་ལན་སྐུ་ཚབ་དོན་གཅོད་དང་། དྲུང་ཆེ། སུཝི་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་བློ་བཟང་ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མ་ཊ་ཡེ་སི་ ཡོན་ནེ་སི་ཌི་ཊི་ (Mr. Mattias Bjornerstdetd) ལགས་དང། ཚོགས་མི་ལྕམ་སྐུ་ཨེ་ནི་ཊ་ ཧེ་གྷེ་ལིན་ (Ms. Anita Hagelin) ལགས་བཅས་མཉམ་བཅར་ཞུས་ཏེ་སུཝི་ཌན་དུ་བོད་དོན་ཞུ་སྐུལ་གྱི་ལས་དོན་ལེགས་པར་གྲུབ་ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ པའི་ཐོག་སུཝི་ཌན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་ཕེབས་སྐྱེལ་དང་མཚན་མོ་ཆུ་ཚོད་ ༧།༣༥ ཐོག་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་ (Oslo) རུ་ཕེབས་ཐོན་མཛད་ཡོད་པ་བཅས། །