༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༩ ཉིན་བྱང་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་དང་། ཁེ་ན་ཊ་ནང་གི་རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་པ་ཁག་དང་ལྷན་ (ཐུན་མོང་གི་གཞི་རྟེན་འཚོལ་བ། ཁེ་ན་ཊའི་བོད་རྒྱའི་འབྲེལ་མཐུད་འདུ་འཛོམས་) ཞེས་པའི་ཚོགས་འདུ་ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོ་རུ་གོ་སྒྲིག་གནང་། ཁེ་ན་ཊའི་གྲོས་ཚོགས་འཐུས་མི་ཟུར་པ་དང་། ཊོ་རོན་ཊོ་ཁུལ་གྱི་བོད་མིའི་སྐུ་ཚབ། དེ་མིན་རྒྱ་རིགས་མང་གཙོ་དོན་གཉེར་བའི་གཞོན་སྐྱེས་དང་འཐབ་རྩོད་འདྲ་མིན་གྱི་འཐུས་མི་ཚོགས་འདུར་བཅར།
བྱང་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བོད་རྒྱའི་དབར་གྲོས་མོལ་དགོས་གལ་གྱི་དགོངས་བཞེད་སྐོར་འགྲེལ་བཤད་གནང་བ་དང་། ཐུན་མོང་གཞི་རྟེན་འཚོལ་བའི་གླེང་སྟེགས་ཀྱང་ཐོག་མའི་གནས་བབ་ནས་རྒྱ་སྐྱེད་བྱུང་སྟེ་ད་ཆ་གལ་ཆེའི་གྲོས་མོལ་སྟེགས་བུ་ཞིག་ཏུ་འགྱུར་ཡོད་ལ། འཐབ་རྩོད་ལས་འགུལ་ཚོགས་པ་སྣ་ཚོགས་ཀྱི་འགོ་ཁྲིད་མཉམ་འཛོམས་ཀྱིས་མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐད་མཐོང་ཚུལ་གྲོས་བསྡུར་བྱེད་སའི་སྡིངས་ཆ་ཞིག་ཏུ་གྱུར་ཟིན་ཡོད་སྐོར་གསལ་བཤད་གནང་། རྒྱ་ནག་གཞུང་གིས་བོད་ས་འཛུགས་སྐྲུན་བྱས་སྐོར་ཧམ་བཤད་ཡིན་པ་རྒྱ་རིགས་འབྲེལ་མཐུད་པས་སྐྱོན་བརྗོད་བྱས་ཏེ་དིང་རི་ས་གནས་ཀྱི་ས་འགུལ་གྱི་བརྙན་པར་ནང་བོད་མིའི་འཚོ་བ་ཡར་རྒྱས་ཕྲན་བུ་ཙམ་ཡང་མེད་སྐོར་ངོ་སྤྲོད་དང་། ས་འགུལ་ཡང་སེ་བྱུང་སའི་བོད་ཀྱི་ས་ཁུལ་ཐོག་ཆུ་གློག་ལས་གཞི་རྒྱ་ཆེན་འཛུགས་སྐྲུན་བྱས་ན་བོད་མི་མ་ཚད་མཐའ་འབྲེལ་རྒྱལ་ཁབ་ཚོར་ཉེན་ཁ་ཆེ་བའི་སྐོར་སོགས་བཤད།
ཁེ་ན་ཊ་གྲོས་ཚོགས་འཐུས་མི་སྐུ་ཞབས་ལི་ཛོན་ལགས་ཚོགས་འདུར་བཅར་ཏེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་གྱི་ལས་འགུལ་བ་རྣམས་ལ་བསྔགས་བརྗོད་གནང་། ཁེ་ན་ཊའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌེ་ནི་ནོ་ལགས་ནས་ཀྱང་ཞལ་པར་བརྒྱུད་ནས་ཚོགས་ཆེན་ལ་འཚམས་འཕྲིན་ཞུས་ཡོད། ཊོ་རོན་ཊོ་བོད་རིགས་ཚོགས་པའི་ཚོགས་གཙོ་བསོད་ནམས་ལགས་ཀྱིས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་རེ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུས་ནས་མུ་མཐུད་བོད་རྒྱ་འབྲེལ་མཐུད་ཀྱི་ལས་དོན་ལ་མཐུན་སྦྱོར་གནང་རྒྱུ་ཡིན་པ་གསུངས།
དེ་བཞིན་ཁེ་ན་ཊའི་རྒྱ་རིགས་མང་གཙོ་དོན་གཉེར་བ་གྲགས་ཅན་ཧྲེང་ཞོ་ལགས་ཀྱིས་རྒྱ་ནག་མང་གཙོའི་འགུལ་གྱི་འཕེལ་རིམ་དང་། ཁོང་བོད་རྒྱའི་གྲོས་མོལ་གྱི་ཚོགས་འདུ་མང་པོར་མཉམ་ཞུགས་བྱུང་ཚུལ་སོགས་ཀྱི་ཉམ་མྱོང་ངོ་སྤྲོད་གནང་། ཁེ་ན་ཌའི་ཨོན་ཊའི་རི་ཨོ་ངལ་རྩོལ་ཚོགས་པའི་ཚོགས་གཙོ་ཝིན་ནི་ལགས་ནས་ལོ་རབས་བརྒྱད་ཅུའི་མཇུག་ནས་བོད་རྒྱ་མཉམ་འབྲེལ་གྱི་ལས་འགུལ་ལ་མཉམ་ཞུགས་ཀྱི་ཉམས་མྱོང་ངོ་སྤྲོད་གནང་བ་དང་ལྷན་བོད་མི་ཚོས་འཐབ་རྩོད་ཀྱི་སྣེ་ཁྲིད་ནས་མི་རིགས་གཞན་ལ་ལམ་སྣེ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས།
དེ་མིན་ཚོགས་ཆེན་སྟེང་བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་ (Kyung B Lee) ལགས་དང་། ༢༠༤༧ ཧོང་ཀོང་རྟོག་ཞིབ་ཁང་གི་འགོ་ཁྲིད་གཙོ་བོ་ཆེན་ཀྲི་ཀྲིན་ལགས། ཁེ་ན་ཊའི་ཡུ་ཊུབ་གྲགས་ཅན་ཀུང་ཙི་ཁྲིན་ལགས། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་གཞོན་སྐྱེས་མི་རབས་གསར་བ་སྐུ་ཞབས་ཡང་རོ་ཧོས་ལགས་དང་ཇང་ཅ་ཅ་ཆི་ལགས་སོགས་འཐབ་རྩོད་ལས་འགུལ་འདྲ་མིན་གྱི་འཐུས་མི་རྣམས་མཉམ་འཛོམས་ཐོག་བྱུང་འགྱུར་གྱི་མཉམ་ལས་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་བསྡུར་ལྷུག་པོ་དང་འབྲེལ་མཐུད་དོན་ལྡན་བྱུང་བ་དང་བཅས། །