༢༠༡༢ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བྷན་ཀི་མུན་མཆོག་ལ་ཞུ་སྙན་ཞིག་ཕུལ་བའི་ནང་དོན་གཙོ་བོ་ནི།
བོད་ནང་ཕྱི་ལོ་ ༢༠༠༩ ལོ་ནས་བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་འགོ་འཛུགས་གནང་སྟེ་ད་བར་བོད་མི་གྲངས་ ༢༨ ཀྱིས་རང་ལུས་མེར་སྲེག་བཏང་ཡོད། འདི་ལོ་གཅིག་པུར་བོད་མི་ ༡༥ ཡིས་རང་ལུས་མེར་སྲེག་བཏང་ཡོད། བོད་མི་དེ་དག་གིས་རྒྱ་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཏེ་རང་ལུས་མེར་སྲེག་བཏང་ཡོད། རྒྱ་ནག་གཞུང་ནས་བོད་མིས་ལས་འགུལ་སྤེལ་བ་དེར་རྒྱལ་ཁབ་ཁ་བྲལ་གྱི་བྱུས་ངན་ཡིན་པར་སྙོན་འཛུགས་འོག་ཁ་བྲལ་ལ་ངོ་རྒོལ་ཞེས་ཉེས་མིང་བཏགས་ནས་དྲག་གནོན་བྱ་རྒྱུའི་དྲིལ་བསྒྲགས་བྱས་དང་བྱེད་མུས་རེད། ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ཀྱི་ས་ཁུལ་སྤྱི་དང་ལྷག་པར་རང་ལུས་མེར་སྲེག་གཏོང་སའི་ས་ཁུལ་ཁག་ཏུ་དམིགས་བསལ་སྐུ་ཚབ་ཆེད་གཏོང་གིས་དངོས་ཡོད་གནས་ཚུལ་ཇི་ཡིན་རྟོག་ཞིབ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༣ ཉིན་དེར་ངོས་ཀྱི་གཏམ་བཤད་ནང་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གིས་བོད་མི་དང་གྲོས་ཚོགས། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་ཟས་བཅད་ངོ་རྒོལ་གནང་བཞིན་པའི་བོད་མི་གསུམ་བཅས་ཚང་མས་འབོད་སྐུལ་ཞུས་པ་དེ་འདིར་བསྐྱར་ནན་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ཁ་བྲལ་ལམ་རང་བཙན་རྩོད་ཀྱི་མེད། ང་ཚོས་རྒྱ་ནག་གཞུང་དང་གྲོས་མོལ་གྱི་ལམ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཡོད་པའི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད། དེར་བརྟེན་བོད་མི་ཚོའི་རང་དབང་གི་འཐབ་རྩོད་དེ་བཞིན་འཚེ་བ་མེད་པའི་འཐབ་རྩོད་མིག་དཔེར་འོས་པ་ཞིག་ཡིན་པ་མ་ཟད། འོས་འཚམ་ལྡན་པའི་ཆབ་སྲིད་དང་མང་གཙོའི་བཅོས་བསྒྱུར་ཞིག་ཀྱང་ཡིན། ད་ལྟའི་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་རྗེས་ཨ་རི་དང་ཇར་མན། ཕ་རན་སི། ཨི་ཊ་ལི། ཅེཀ་སྤྱི་མཐུན་རྒྱལ་ཁབ། པོ་ལན་ཌི། སུད་སི། ཨོ་སི་ཊོ་ལི་ཡ། ཁེ་ཎ་ཌ། ལྷོ་ཨ་ཕི་རི་ཀ་གཙོ་བོར་གྱུར་བའི་འཛམ་གླིང་ཁྱོན་ཡོངས་ནས རྒྱལ་ཁབ་ཁག་གིས་གྲོས་ཆོད་དང་གཏམ་བཤད་སོགས་བརྒྱུད་སེམས་འཚབ་ཀྱི་རྣམ་པ་བསྟན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལམ་སྟོན་བཀའ་ཁྱབ་ལྟར་བོད་མི་ཚོས་དཀའ་ངལ་གྱི་དུས་སྐབས་འདིར་བོད་མིའི་དགོས་འདུན་ལ་བསམ་ཞིབ་ཐོག་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ང་ཚོས་རེ་བ་བྱེད་བཞིན་ཡོད། ཅེས་སོགས་འཁོད་འདུག་པ་བཅས།།
བཀའ་ཁྲི་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་ཞུ་སྙན་ཕུལ་བ།
གསར་གནས།
འབྲེལ་གནས།