༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་དྲུག་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་དམིགས་བསལ་ལས་དོན་ཚོགས་ཆུང་གསུམ་གྱི་སྐུ་ཚབ་ནས་ཤོག་ལྷེ་གྲངས་ ༢༠ ཅན་གྱི་འཕྲིན་ཡིག་ཞིག་བཏང་བའི་ནང་བོད་མི་དགུ་གར་སོང་ཆ་མེད་ཀྱི་གནས་སྟངས་སྐོར་གླེང་ཡོད་པ་དང་། རྒྱལ་ཚོགས་ཀྱི་མནར་གཅོད་འགོག་ཐབས་ལྷན་ཁང་གི་ཆེད་ལས་མི་སྣ་ཁག་ཅིག་གིས་གནས་ཚུལ་ཕྱིར་འདོན་བྱས་པའི་གསལ་བསྒྲགས་ནང་དམིགས་བསལ་མིང་འབོད་གནང་པའི་བོད་མི་དེ་དག་ནི་ཕྱི་ལོ་ ༢༠༢༢ ཟླ་བ་ ༨ པའི་ནང་བོད་ཀྱི་ཤར་ཕྱོགས་སེར་ཤུལ་རྫོང་དུ་མི་སྐྱ་ཕོ་མོ་ལྔས་སྤོས་བསྒྲོན་ཏེ་སྨོན་ལམ་བཏོན་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་། ཁོང་ཚོའི་མིང་ལ་མཆོག་དར་ལགས་དང་། དགེ་ལོ་ལགས། ཚེ་རྡོ་ལགས། དཔལ་མོ་ལགས། ཁོ་རེ་ལགས་བཅས་ཟེར་བ་དང་། དེ་རྗེས་མི་སྐྱ་ཕོ་མོ་ལྔ་པོ་དེ་དག་གང་དུ་བཙན་འཁྲིད་བྱས་པའི་ས་གནས་ངེས་མེད་དུ་ཁྲིད་པ་དང་། ནང་མི་སྤུན་མཆེད་ཚོས་ཁོང་ཚོར་ཞལ་ལག་སྐྱེལ་ཆོག་པའི་བཀའ་འཁྲོལ་རག་མེད་པ་རེད།
གྲྭ་མཆོག་དར་ལགས་འཛིན་བཟུང་བྱས་ནས་ཉིན་ཤས་རྗེས་བཙོན་ཁང་ནང་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་འདས་གྲོངས་སུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ནི་འཛིན་བཟུང་བྱས་རྗེས་ཉེས་རྡུང་དྲག་པོ་བཏང་བ་སོགས་མནར་གཅོད་བཏང་བར་བརྟེན་ནས་འདས་གྲོངས་སུ་གྱུར་པ་ཡིན་པ་གསལ་ཡོད་པ་དང་། ད་དུང་རྒྱ་ནག་གཞུང་ལ་བོད་མི་བློ་བཟང་བསམ་གཏན་ལགས་དང་། བློ་བཟང་འཕྲིན་ལས་ལགས། དབང་སྐྱིད་ལགས། ཚེ་རིང་བཀྲ་ཤིས་ལགས་བཅས་བཞི་པོ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ པའི་ནང་འཛིན་བཟུང་བཙན་འཁྲིད་བྱས་རྗེས་གར་ཡོད་ཆ་མེད་དུ་གྱུར་ཡོད་པ་དེ་དག་གི་གནས་སྟངས་གསལ་བཤད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
དེ་ཡང་ཁོང་ཚོར་དྲང་བདེན་མིན་པའི་འཛིན་བཟུང་བྱས་པ་ནས་བཟུང་ཁོང་ཚོར་ཉེས་འཛུགས་གང་ཡང་མེད་པར་གར་ཡོད་ཆ་མེད་དུ་གྱུར་ཡོད་པ་གནད་དོན་འཁོད་པའི་ཞུ་ཡིག་རྒྱ་ནག་གཞུང་ལ་བཏང་ཡོད། དེར་སུད་སི་དོན་ཁང་ནས་དགའ་བསུ་དང་དེ་ལྟར་མུ་མཐུད་གནང་སྐྱོང་ཡོང་བ་རེ་སྐུལ་ཞུ་རྒྱུ་ཡིན།
སྤྱིར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཆོས་དད་རང་དབང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་རྒྱལ་སྤྱིའི་གྲོས་མཐུན་བཅས་ལ་རྩིས་མེད་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་གཞན་གྱིས་རྒྱ་ནག་གི་སྲིད་བྱུས་ལ་ཐུགས་འཚབ་ཀྱི་རྣམ་པ་ཡང་ཡང་བསྟན་ཡོད་ཀྱང་། རྒྱ་ནག་གིས་ཉན་འཇོག་གང་ཡང་བྱེད་ཀྱི་མེད་པ་ཡིན། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་ཐོག་ཡོངས་ཁྱབ་བསྐྱར་ཞིབ་ཚོགས་འདུའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དོན་ཚན་ ༤༩༠ ལྷག་ཙམ་སྐྱོན་གནད་ཐེར་འདོན་བྱས་ཡོད་ཀྱང་། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསམ་འཆར་ལག་བསྟར་བྱས་པ་ཧ་ཅང་ཉུང་ཉུང་ཡིན་པ་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་སྐྱོན་འཛུགས་བྱས་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༦ ཚེས་ ༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་གྲངས་ ༡༥ ཙམ་གྱིས་ཆུ་མཛོད་གློག་ཁང་གི་ཁོར་ཡུག་ཉེན་ཁ་སྐོར་གྱི་ཞུ་ཡིག་རྒྱ་ནག་གཞུང་དང་ཆུ་མཛོད་རྒྱག་མཁན་གྱི་བཟོ་གྲྭ་གཉིས་ཀར་བཏང་པའི་ནང་། མ་འོངས་པ་ཆུ་མཛོད་རྐྱེན་པས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཕོག་ཉེན་ཆེན་པོ་ཡོད་པའི་སྐོར་ལ་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་ཡོད་ཀྱང་། རྒྱ་ནག་གིས་ལན་འདེབས་མ་བྱས་པར་མུ་མཐུད་ནས་ཆུ་མཛོད་གློག་ཁང་བརྒྱབ་དང་རྒྱབ་མུས་སུ་ཡོད། ཉེ་ལམ་བོད་ནང་ས་ཡོམ་དྲག་པོ་ཞིག་བརྒྱབ་སྟེ་ཉེན་བརྡ་དེ་དངོས་ཡོད་གནས་སྟངས་ཆགས་ཏེ་མི་མང་པོའི་ཚེ་སྲོག་ཤོར་བ་དང་། གྲོང་གསེབ་པ་ཚོའི་ཁང་པ་རྡིབ་སྐྱོན་བྱུང་བ། ཁོར་ཡུག་སོགས་ལ་གཏོར་བཤིག་ཚབས་ཆེ་བཏང་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་ཉན་འཇོག་མ་བྱས་པར་མུ་མཐུད་དུ་ཆུ་མཛོད་གློག་ཁང་ཆེན་པོ་དེ་འདྲ་བརྒྱབ་ཚེ་ལོ་ཤས་ནང་ཆུ་བོ་ཆེན་པོ་ཁག་གི་ཆུ་རྒྱུན་འབབ་ཡུལ་གྱི་རྒྱལ་ཁབ་ཁག་དང་། མཐར་གཏུགས་ན་འཛམ་གླིང་ཡོངས་ལ་དཀའ་ངལ་ཚབས་ཆེན་འཕྲད་སྲིད་པ་དང་། འཛམ་གླིང་གི་ཡང་རྩེ་ཞེས་འབོད་པའི་བོད་ཀྱི་འཁྱགས་རོམ་བཞུར་བས་ཆུ་ལོག་དང་ཆུ་དཀོན་པའི་གནོད་འཚེ་ཚབས་ཆེན་བཟོས་ཏེ་ཨེ་ཤ་ཡའི་གཙང་པོ་ཁག་དང་ཆུ་རྒྱུན་འབབ་ཡུལ་གྱི་མི་གྲངས་ས་ཡ་མང་པོར་ཤུགས་རྐྱེན་ཐེབས་སྲིད།
རྒྱ་ནག་ལ་མཚོན་ན་འཛམ་གླིང་སྟེང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་རྨི་ལམ་ཡོད་ཀྱང་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་བྱས་པའི་བོད་ནང་གི་གནས་སྟངས་ཡ་ང་བ་དེས་བཀག་འགོག་བྱེད་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་སྟེང་གནས་བབ་རྒྱུན་འཁྱོངས་ཐུབ་པ་དང་། གཞན་གྱི་ཡིད་ཆེས་ཐོབ་པ། ཞི་བདེ་དང་བརྟན་ལྷིང་བཅས་ཀྱི་རྨང་གཞི་ཡིན། དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་ཀྱིས་གནས་སྐབས་རིང་དབང་ཤུགས་ཆེན་པོ་ཆགས་སྲིད་ཀྱང་། ལོ་རྒྱུས་ཀྱིས་དབང་ཤུགས་དེ་དག་མི་བརྟན་པ་དང་ཟང་ཟིང་། རྒྱལ་སྤྱིའི་ཡིད་ཆེས་བརླག་པའི་རྐྱེན་རེད། བོད་མིའི་རང་དབང་སྒེར་ལངས་ཀྱི་འཐབ་རྩོད་དེ་ནི་ས་ཁུལ་གཅིག་གི་གནད་དོན་ཙམ་མིན་པར་འཛམ་གླིང་སྤྱིའི་གནད་དོན་ཞིག་ཡིན། དེ་ནི་དྲང་བདེན་དང་བཟང་སྤྱོད་ལྡན་པའི་སྲིད་གཞུང་གི་འཐབ་རྩོད་ཀྱི་མཚོན་དོན་ཞིག་ཡིན། བོད་མིའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ན་འཛམ་གླིང་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ། དེ་ལས་ལྡོག་སྟེ་ཕམ་ཉེས་བྱུང་ན་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཟང་ཟིང་དང་། ཁ་བྲལ། ཡུན་རིང་གི་བརྟན་ལྷིང་མེད་པའི་རྐྱེན་རེད། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་རྒྱུ་ནི་འདམ་ག་ཅན་ཞིག་མིན་པར་འཛམ་གླིང་སྟེང་གནས་བབ་རྒྱུན་འཁྱོངས་ཐུབ་པའི་རྨང་གཞི་ཡིན། །