༄༅། །ཨིན་ལན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཟླ་བ་འདིའི་ནང་ལོན་ཌོན་གྱི་ནང་པའི་ཆོས་ཚོགས་གསུམ་ལ་གཟིགས་སྐོར་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༡ ཉིན་ཨིན་ལན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་དང་། དོན་ཁང་གི་ལས་བྱེད་རྣམ་པས་ས་སྐྱ་བདེ་ཆེན་ཆོས་ཚོགས་སུ་གཟིགས་སྐོར་གནང་ཡོད། སྐབས་དེར་བླ་མ་བྱམས་པ་མཐའ་ཡས་ལགས་དང་། ས་སྐྱ་བདེ་ཆེན་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ནས་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས་ཐུགས་རྗེ་ཆེ་ཞུས་ཡོད།
སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༧ ནས་འགོ་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་དུས་དྲན་དང་སྟབས་བསྟུན་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསལ་བཤད་གནང་བ་དང་འབྲེལ་གལ་ཆེའི་ལོ་འདིའི་རིང་ཆོས་ཕྱོགས་དང་རིག་གཞུང་གི་ལས་རིམ་ཐོག་མཉམ་ལས་གནང་ཕྱོགས་སྐོར་གོ་བསྡུར་གནང་ཡོད།དེ་བཞིན་ཕྱི་ཚེས་ ༡༦ ཉིན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བཀའ་བརྒྱུད་བསམ་ཡས་གླིང་དུ་གཟིགས་སྐོར་གནང་སྟེ་དེར་འགན་འཛིན་དང་གཏན་སྡོད་དགེ་རྒན་བླ་མ་བཟང་མོ་དང་མཇལ་འཕྲད་གནང་ཡོད། བླ་མ་བཟང་མོ་ལགས་ཀྱིས་སྐུ་ཚབ་དོན་གཅོད་ལ་དགའ་བསུ་ཞུས་པ་དང་། བོད་ཀྱི་སྐད་ཡིག་སློབ་ཁྲིད་ཚུད་པའི་ཆོས་ཚོགས་ཀྱི་ལས་དོན་སྣ་མང་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་ཡོད། དེ་བཞིན་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བྱམས་བརྩེའི་ལོ་སྐོར་གྱི་གནས་ཚུལ་ཞིབ་ཕྲ་རྗེས་སུ་བརྡ་ལན་གནང་རྒྱུ་ཡིན་ཞེས་གསུངས།
དེ་མཚུངས་ཕྱི་ཚེས་ ༢༠ ཉིན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་སླེ་ལུང་ཆོས་ཚོགས་སུ་གཟིགས་སྐོར་གནང་ཞིང་། སྐབས་དེར་སྐུ་ཞབས་མོ་རིན་ཕི་ལི་པི་སི་ལགས་གཙོས་པའི་བོད་པའི་དགེ་འདུན་པ་གཉིས་ནས་ཕེབས་བསུ་སྣེ་ལེན་ཞུས་ཡོད། སྐུ་ཚབ་དོན་གཅོད་ཀྱིས་དགེ་བཤེས་ལགས་ཀྱིས་དབུ་ཁྲིད་པའི་རེས་གཟའ་ཟླ་བའི་སྨོན་ལམ་ནང་མཉམ་ཞུགས་གནང་བ་དང་། དེ་རྗེས་གསོལ་ཇ་དང་ཞལ་ཏོག་ལྷན་དུ་བྱམས་བརྩེའི་ལོ་དང་འབྲེལ་བའི་འཆར་གཞི་ཇི་ཡོད་སྐོར་གོ་བསྡུར་གནང་སྐབས་སྐུ་ཚབ་དོན་གཅོད་ཀྱིས་ཆོས་ཚོགས་ཁག་གིས་སོ་སོའི་ས་གནས་སུ་ནང་ཆོས་སློབ་ཁྲིད་གནང་བ་དང་། ཚོགས་མི་རྣམས་ལ་སེམས་གསོ་དང་བདེ་སྐྱིད་བསྐྲུན་ཐུབ་ཀྱི་ཡོད་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་ཁེ་ཕན་ཆེད་ཆོས་ཚོགས་འདི་དག་དང་ལྷན་དུ་མ་འོངས་པར་ཆོས་དང་རིག་གཞུང་གི་མཉམ་ལས་གོང་འཕེལ་གཏོང་ཆེད་མུ་མཐུད་འབྲེལ་བ་གནང་རྒྱུ་ཡིན་ཞེས་གསུངས།
འཚམས་གཟིགས་དེ་བཞིན་ལོན་ཌོན་ཙམ་མ་ཡིན་པར་ནང་པའི་ཆོས་ཚོགས་མིན་པའི་ལྟེ་གནས་ཁག་ལའང་གཟིགས་སྐོར་གནང་རྒྱུ་ཡིན་པ་ དེ་ནི་སྐུ་ཚབ་དོན་ཁང་དང་། སྤྱི་ཚོགས་འདྲ་མིན་ལྷན་དུ་འབྲེལ་ལམ་དམ་ཟབ་གཏོང་ཆེད་ཡིན་པ་བཅས།།