༢༠༡༢ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་བཞུགས་སྒར་གངས་སྐྱིད་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་ཐོག་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ལྕགས་ཡོས་བཙན་རྒོལ་མེ་ལྕེའི་དཔེ་དེབ་ཅེས་པ་དབུ་འབྱེད་གནང་བ།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། བཀའ་ཟུར་ཨ་ལག་འཇིགས་མེད་ལགས། མདོ་སྨད་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས། སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་སོགས་སྤྱི་འཐུས་ཁག་གཅིག་དང་། མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠ བརྒལ་བ་ལྷན་འཛོམས་ཐོག་རྩོམ་སྒྲིག་པ་མདོ་སྨད་སྤྱི་འཐུས་སྨན་པ་མཁྱེན་རབ་ལགས་ཀྱིས་དཔེ་དེབ་རྩོམ་སྒྲིག་གི་བརྒྱུད་རིམ་ངོ་སྤྲོད་གནང་གྲུབ་རྗེས་བཀའ་ཁྲི་མཆོག་གིས་ལྕགས་ཡོས་བཙན་རྒོལ་མེ་ལྕེའི་དཔེ་དེབ་ཅེས་པ་དེ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་དོན། འདི་གར་ཕེབས་པའི་རྣམ་པ་ཚང་མར་སྔ་དྲོ་བདེ་ལེགས་ཞུ་རྒྱུ་ཡིན། མདོ་སྨད་རྩོམ་སྒྲིག་ཚོགས་ཆུང་ནས་ལོ་བཅུ་ཙམ་རིང་སྐུ་ལས་བསྐྱོན་ཏེ་ཐོག་མར་པཎ་ཆེན་རིན་པོ་ཆེ་མཆོག་གི་རྣམ་ཐར་དང་། ཉེ་ཆར་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཡོད་པའི་དཔེ་དེབ། དེ་བཞིན་དོལ་རྒྱལ་སྐོར་ལ་རྒོལ་ལན་དང་འབྲེལ་བའི་དཔེ་དེབ་དཔར་སྐྲུན་གྱི་ཕྱོགས་མང་པོར་བལྟས་ཏེ་ཁུངས་ལྡན་ཡོད་པའི་ཐོག་ནས་རྒྱ་ཡིག་དང་དབྱིན་ཡིག་ཐོག་བསྒྱུར་རྒྱུའི་འབད་བརྩོན་གནང་བཞིན་འདུག དཔེ་དེབ་འདི་བཞིན་རྔ་པའི་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ལོ་གཅིག་འཁོར་བའི་དེ་རིང་གི་ཉིན་མོ་དང་བསྟུན་ནས་ད་བར་རང་ལུས་མེར་སྲེག་གཏོང་མཁན་སྤྱི་ཡོངས་ཀྱི་ལོ་རྒྱུས་ཕྱོགས་སྒྲིག་གནང་བར་བསྔགས་བརྗོད་ཞུ་གི་ཡོད། རྩོམ་སྒྲིག་པ་རྣམ་པས་ལས་ཞོར་དུ་སྐུ་ལས་བསྐྱོན་ཏེ་དཔར་སྐྲུན་གནང་བའི་དཔེ་དེབ་དེ་དག་གི་ནང་དོན་དེས་སྤྱི་ཡོངས་ལ་ཕན་པ་དང་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བྲིས་ཡོད་པར་ཡིད་ཆེས་ཞུ་གི་ཡོད། དེ་རིང་འདི་གར་བཅར་ཏེ་དཔེ་དེབ་འདི་དབུ་འབྱེད་ཞུ་རྒྱུའི་གོ་སྐབས་གནང་བར་བཀའ་ཤག་གི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་སྟེ་རྩོམ་སྒྲིག་པ་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་མཛད་སྒོ་གྲོལ།
དེ་ཡང་ལྕགས་ཡོས་བཙན་རྒོལ་མེ་ལྕེ་ཞེས་པའི་དཔེ་དེབ་འདིའི་བརྗོད་སྙིང་གཙོ་བོ་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་ཞིབ་བྲིས་དང་ལས་འགུལ་དེ་ལྟར་འབྱུང་དགོས་པའི་རྒྱུ་རྐྱེན་ནི་རྒྱ་ནག་གཞུང་གི་བོད་ལ་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས་དེའི་གནས་སྟངས་ཁ་གསལ་ཞིབ་འབྲི་གནང་བ་ཞིག་ཡིན་འདུག་པ་བཅས། །
བཀའ་ཁྲི་མཆོག་གིས་ལྕགས་ཡོས་བཙན་རྒོལ་མེ་ལྕེའི་དཔེ་དེབ་ཅེས་པ་དབུ་འབྱེད་གནང་བ།
གསར་གནས།
འབྲེལ་གནས།