༢༠༡༢ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པ་ (Human Right`s Watch) ཞེས་པས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་ནས་དེ་སྔ་བོད་ཀྱི་དགོན་སྡེ་ཁག་གི་འཛིན་སྐྱོང་དགེ་འདུན་པས་གནང་རྒྱུའི་སྲིད་བྱུས་ལ་བསྐྱར་ཞིབ་བྱས་མཐར་ཁྲིམས་དེར་བསྒྱུར་བཅོས་བཏང་ནས་ད་ཆ་བོད་ཀྱི་དགོན་སྡེ་ཁག་ཚང་མ་རྒྱ་ནག་གཞུང་གིས་ཐད་ཀར་སྟངས་འཛིན་བྱ་རྒྱུ་ཡིན་པ་མ་ཟད། དགོན་སྡེ་ཆེ་ཆུང་ཚང་མའི་ནང་གུང་ཁྲན་ཏང་མི་གཏན་སྡོད་བྱ་རྒྱུ་ཡིན་འདུག འདི་ལོ་ཕྱི་ཟླ་ ༡ ཚེས་ ༤ ཉིན་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་དྲུང་ཆེ་ཁྲན་ཆོན་གོས་(Chen Quanguo) གཏམ་བཤད་ཅིག་སྤེལ་བའི་ནང་བརྗོད་དོན། བོད་ཀྱི་དགོན་སྡེ་ཆེ་ཆུང་ཚང་མའི་ནང་གུང་ཁྲན་ཏང་མི་གཏན་སྡོད་བྱ་རྒྱུ་མ་ཟད། གུང་ཁྲན་ཏང་མི་གནས་རིམ་མཐོ་གྲས་ཚོར་ཞིང་ཆེན་ལས་ཁུངས་ཁག་གི་འགན་འཛིན་གཞོན་པའི་གོ་གནས་དང་གཅིག་མཚུངས་ཀྱི་གླ་ཕོགས་སྤྲོད་རྒྱུ་ཡིན་སྐོར་བཤད་ཡོད། བོད་ཀྱི་དགོན་སྡེ་ཁག་གི་ནང་གུང་ཁྲན་ཏང་མི་གཏན་འཇོག་བྱ་རྒྱུ་ནི་དེ་སྔ་བྱུང་མྱོང་མེད་པ་ཞིག་ཡིན། རྒྱ་གཞུང་གིས་དགོན་སྡེ་ཁག་ལ་དེ་སྔ་དམ་བསྒྲགས་ཅན་གྱི་སྲིད་བྱུས་རབ་དང་རིམ་པ་སྤེལ་ཡོད་ཀྱང་ཐེངས་འདིའི་ཁྲིམས་ལུགས་གསར་པ་ལག་བསྟར་བྱས་པ་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱ་རྒྱུའི་སྲིད་བྱུས་གསར་པ་ཞིག་ཆགས་ཡོད།
བོད་ཀྱི་ས་ཁུལ་ཁག་ཏུ་འཕྲད་བཞིན་པའི་དཀའ་ངལ་དེ་དག་ཞི་འཇམ་དགོས་ཚེ་རྒྱ་ནག་གཞུང་ནས་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་དག་འཕྲལ་མར་བསྐྱར་ཞིབ་བྱེད་དགོས་ཞེས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་ལྕམ་སྐུ་སོ་ཕི་རི་ཆ་ཌི་སན་ལགས་ཀྱིས་གསུངས་འདུག་པ་བཅས།