༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༩ ནས་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསལ་ལྟར། ཁྲིམས་ཞིབ་པའི་མཛད་འགན་བཞེས་ཏེ་དུས་ཡུན་ལོ་ ༥ ཧྲིལ་པོ་ལོན་ནས་རྒས་ཡོལ་དུ་ཕེབས་ཡོད། ཁོང་ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༣ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་སྟེང་ཁྲིམས་ཞིབ་པ་གཞན་འོས་ཐོན་བྱུང་བ་བཞིན་ཕྱི་ལོ་ ༢༠༢༠ ཟླ་བ་ ༡ ཚེས་ ༡༠ ཉིན་ཁྲིམས་ཞིབ་པ་གཞན་གྱི་ལས་འཁུར་དམ་བཅའ་འབུལ་བཞེས་གནང་ཡོད།
ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་ཕྱི་ལོ་ ༡༩༦༩ ཟླ་བ་ ༧ ཚེས་ ༡ ཉིན་མོན་གྷོ་འདོད་རྒུ་གླིང་དུ་འཁྲུངས། ཕྱི་ལོ་ ༡༩༩༠ ལོར་སྦེལ་ཀོབ་དབུས་བོད་སློབ་ནས་འཛིན་རིམ་བཅུ་གཉིས་དང་། ཕྱི་ལོ་ ༡༩༩༣ ལོར་ཅན་དྷི་སྒར་མཐོ་སློབ་ནས་ B.A ཐོན། ཕྱི་ལོ་ ༡༩༩༥ ཟླ་བ་ ༩ ཚེས་ ༡༨ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་གནས་རིམ་ཐོག་ཟླ་དྲུག་ཚོད་ལྟར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༦ ཟླ་བ་ ༤ ཚེས་ ༢༤ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༦ ཟླ་བ་ ༡༠ ཚེས་ ༡༠ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་སུ་གནས་སྤོས། ཕྱི་ལོ་ ༡༩༩༩ ཟླ་བ་ ༢ ཚེས་ ༩ ནས་དྲུང་ཆེ་གཞོན་པར་གནས་སྤར་གྱིས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་བསྐོ་གཞག
ཕྱི་ལོ་ ༢༠༠༢ ཟླ་བ་ ༨ ཚེས་ ༥ ནས་བལ་ཡུལ་སྐུ་ཚབ་དོན་ཁང་གི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༣ ཟླ་བ་ ༣ ཚེས་ ༡༡ ནས་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་བ་ ༦ ཚེས་ ༤ ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་བ་ ༧ ཚེས་ ༡༢ ནས་ལས་བྱེད་འདེམས་ལྷན་གྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་༢༠༠༤ ཟླ་བ་ ༡༢ ཚེས་ ༩ ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་བ་ ༢ ཚེས་ ༢༠ ནས་ཟུང་དྲུང་དུ་གནས་སྤར་གྱིས་ཕྱི་ལོ་ ༢༠༠༥ ཟླ་བ་ ༢ ཚེས་ ༢༨ ནས་དཔལ་འབྱོར་ལས་ཁུངས་ཀྱི་ཟུང་དྲུང་། ཕྱི་ལོ་ ༢༠༠༦ ཟླ་བ་ ༨ ཚེས་ ༡ ནས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས།
ཕྱི་ལོ་ ༢༠༠༨ ཟླ་བ་ ༥ ཚེས་ ༡༥ ནས་འོས་བསྡུ་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༢ ཟླ་བ་ ༥ ཚེས་ ༡༥ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་བཞེས། ཕྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༨ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཚབ་ཏུ་བསྐོ་གཞག་གིས་ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས་ ༢༢ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་གཞག་གིས་ལས་འགན་ཞུས་བཞིན་པའི་སྐབས་སུ། ཕྱི་ལོ་ ༢༠༡༩ ཟླ་བ་ ༩ ཚེས་ ༢༣ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་དུ་འོས་ཐོན་བྱུང་བ་བཞིན་ཕྱི་ལོ་ ༢༠༢༠ ཟླ་བ་ ༡ ཚེས་ ༡༠ ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༠༩ བར་ཁྲིམས་ཞིབ་པའི་མཛད་འགན་བཞེས་གནང་ཡོད་པ་བཅས།།