༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༡༢ ནས་ ༡༧ བར་རྒྱ་གར་རྒྱལ་ས་ལྡི་ལི་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་མིའི་སུད་ཚོང་ཁག་ཏུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་གཏན་ཁེལ་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡ ཚེས་ ༡༢ ཉིན་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ནོའི་ཌ་ (Noida) ས་གནས་སུ་ལས་རིམ་དང་། ཕྱི་ཚེས་ ༡༤ ཉིན་གུར་ག་ཨོན་ (Gurgaon) སུད་ཚོང་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༥ ཉིན་ལཱལ་ཀི་ལ་ (Lal Quilla) སུད་ཚོང་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༦ ཉིན་རྡུ་ཝར་ཀ་ (Dwarka) སུད་ཚོང་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༧ ཉིན་ལ་དྭགས་བྷུ་ཏ་བྷི་ཧར་དང་། ལྡི་ལི་སྐུ་ཚབ་དོན་ཁང་། འཕགས་བོད་འབྲེལ་མཐུད་ལས་ཁང་། ཤེས་རིག་པར་ཁང་། ནི་ཛ་མུ་དྷིན་སྨན་རྩིས་ཁང་སོགས་ལ་འཚམས་གཟིགས་དང་། ཉིན་རྒྱབ་ལྡི་ལི་བོད་སྒར་བསམ་ཡས་གླིང་ (མན་ཇུ་ཊི་ལ་) དུ་ལས་རིམ་བསྐྱང་རྒྱུ་ཡིན་པ་བཅས། །