༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ ཉིན་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་ཤུགས་ཆེ་བྱུང་བ་དང་། དེ་བཞིན་ཕྱི་ཚེས་ ༨ ཉིན་མདོ་སྨད་མགོ་ལོག་ཏུ་ས་ཡོམ་བྱུང་བའི་གནས་ཚུལ་ཐོན་པར་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གི་ས་གནས་འགོ་འཛིན་ལས་ཁུངས་ནས་གནོད་འཚེ་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས་ཡོད།
སྨོན་ལམ་གསུང་འདོན་སྐབས་གོང་དཀར་ཚེ་སྒྲུབ་ལྷ་ཁང་གི་མཁན་པོ་མཆོག་དབུ་བཞུགས་ཐོག་བྷ་ལུ་ཝ་ལ། ཁེ་ར། ལ་ཁན་ཝ་ལ། ཧར་པ་སྤུར། ཧ་རི་སྤུར་བཅས་ནས་ཕེབས་པའི་བོད་མི་རྣམས་ཀྱིས་ས་ཡོམ་གྱིས་རྐྱེན་པས་འདས་གྲོངས་སུ་གྱུར་བ་དང་། རྨས་སྐྱོན་ཕོག་པ། ཁང་ཁྱིམ་དང་རྒྱུ་ནོར་ལ་གྱོང་གུན་ཕོག་པ་རྣམས་ཀྱི་ཆེད་སྨོན་ལམ་གསུང་འདོན་གནང་ཡོད། །