༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༧ ཉིན་བོད་ཀྱི་སྟོད་དིང་རི་ཁུལ་དུ་ས་ཡོམ་གོད་ཆག་རྐྱེན་གྱིས་མི་གྲངས་ ༡༢༩ འདས་གྲོངས་སུ་གྱུར་ཡོད་པ་དང་། མི་གྲངས་ ༡༨༨ ཙམ་ལ་རྨས་སྐྱོན་ཕོག་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་ཟླ་ ༠༡ ཚེས་ ༠༩ ཉིན་བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁུངས་དང་། རྒྱུད་སྟོད་དགོན་པ་གཉིས་ནས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་རྒྱུད་སྟོད་དགོན་པར་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་དགོན་པའི་ཕྱག་མཛོད་བྱམས་པ་ཚེ་རིང་ལགས་གཙོས་པའི་དགེ་འདུན་པ་རྣམས་ནས་སྨོན་ལམ་དབུ་མཛད་གནང་ཞིང་། སྐབས་དེར་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ནས་བོད་ནང་དུ་ས་ཡོམ་གྱི་གོད་ཆག་བྱུང་བར་བློ་ཕམ་ཆེན་པོ་བྱུང་པ་དང་། ས་ཡོམ་རྐྱེན་པས་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཆེད་དགེ་འདུན་པ་དང་། ས་གནས་མི་མང་ནས་སྨོན་ལམ་གསུང་འདོན་དང་། རྨས་སྐྱོན་ཕོག་པ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་གནང་བའི་འབོད་སྐུལ་ཞུས་ཡོད།
ས་གནས་བུད་མེད་ལྷན་ཚོགས་དང་མང་ཚོགས་ནས་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཆེད་མར་མེ་སྟོང་ཕྲག་ཅིག་ཕུལ་བ་དང་། གཞིང་གྲོང་དང་པོའི་པདྨ་དབང་གྲགས་ལགས་དང་། གཞིས་གྲོང་གསུམ་པའི་ལྷག་པ་ཚེ་རིང་ལགས་གཉིས་ནས་མང་ཚོགས་ལ་གསོལ་ཇ་དང་ཞལ་ཏོག་འདེགས་འབུལ་ཞུས་ཡོད་པ་བཅས།།