༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོར་བོད་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་གྱི་གོད་ཆགས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ཚེས་ ༨ རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་དྷ་ས་ཁུལ་གྱི་མི་མང་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༨ ཉིན་གཞུང་འབྲེལ་ཛ་དྲག་གི་མཆོད་འབུལ་སྨོན་ལམ་ཞུས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཕྱི་ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་ས་ཁུལ་སྟོད་དིང་རི་གཙོ་བོར་གྱུར་པའི་ཉེ་འགྲམ་གྱི་ས་ཁུལ་ཁག་ཅིག་ལ་ཚད་རིམ་ ༦་༨ བཤད་ཀྱི་འདུག ཨ་རིའི་རྒྱལ་ཡོངས་ས་འགུལ་རྟོག་ཞིབ་ལས་ཁུངས་ཀྱིས་ས་འགུལ་གྱི་ཚད་རིམ་ ༧.༡ ཡིན་པ་རྗོད་ཀྱི་འདུག ས་ཡོམ་རྒྱག་ཡུལ་ལྟེ་གནས་ནས་སྤྱི་ལེ་ ༢༠ ནང་ཚུད་ཀྱི་ས་ཁུལ་ནང་གྲོང་ཚོ་ ༢༧ ཡོད་པའི་ནང་དུ་ཉུང་མཐར་མི་གྲངས་ ༦༩༠༠ ཙམ་གནས་སྡོད་བྱེད་ཀྱི་ཡོད། གནོད་སྐྱོན་ཕོག་ཡུལ་གཙོ་བོ་ནི། དིང་རི་དང་། གཏིང་སྐྱེས། ལྷ་རྩེ་རྫོང་། ས་སྐྱ་རྫོང་། ངམ་རིང་རྫོང་ཆགས་ཀྱི་འདུག གཙང་ཁུལ་དང་དེ་མིན་ས་གནས་གཞན་ལ་འདས་གསོན་ག་ཚོད་བྱུང་ཡོད་མེད་བརྗོད་ཐུབ་ཐབས་དཀའ། དིང་རི་དང་ས་ཐག་ཉེ་བའི་རྒྱ་གར་དང་བལ་ཡུལ། འབྲུག་གསུམ་གྱི་ནང་ས་ཡོམ་བརྒྱབ་པ་ཚོར་འདུགབོད་ནང་དུ་རང་དབང་གི་ཐོག་ནས་གསར་འགོད་པ་འགྲོ་ཆོག་གི་མེད་པར་བརྟེན། ཕྱི་རྒྱལ་གྱི་གསར་འགོད་པ་ས་ཡོམ་རྒྱག་ཡུལ་གྱི་ས་གནས་ཁག་ཏུ་གཏོང་གི་མེད་སྟབས། ད་ལྟ་གནས་ཚུལ་གང་ཐོན་པ་དེ་དག་རྒྱ་ནག་གཞུང་གི་ངོས་ནས་བཏོན་པའི་གྲངས་ཐོ་རེད། རྒྱ་ནག་གཞུང་གི་ཤིན་ཧྭ་གསར་ཁང་གི་ཁ་སང་ཆུ་ཚོད་ ༧ བར་ས་ཡོམ་གྱི་རྐྱེན་པས་མི་གྲངས་ ༡༢༩ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་གྲངས་ ༡༨༨ ལ་རྨས་སྐྱོན་ཕོག་པ། དེ་བཞིན་སྡོད་ཁང་ ༣༦༠༩ ལ་རྡིབ་སྐྱོན་བྱུང་ཡོད་པ་བརྗོད་འདུག ཁང་ཁྱིམ་དེ་དག་རྒྱ་ནག་གཞུང་གིས་དབུལ་པོའི་གནས་ནས་གྲོལ་ཏེ་ཡར་རྒྱས་ཧ་ཅང་བཏང་ཡོད་ཟེར་གྱི་ཡོད་ཀྱང་ད་ལྟ་སྲོག་སྐྱོན་ཤོར་བ་དེ་དག་ཁང་པ་རྙིང་པ་ཞིག་རལ་དུ་སོང་བའི་རྒྱུ་མཚན་ལ་བརྟེན་ནས་ཡིན་དུས་རྒྱ་ནག་གཞུང་གིས་ཉམ་ཐག་ལ་སྐྱོབ་རྒྱུའི་ལས་གཞི་དེ་དག་ཚད་ལྡན་ཇི་ཙམ་བྱུང་ཡོད་མེད་འདི་ནས་རྟོག་ཐུབ་པ་ཞིག་ཆགས་ཡོད།
གནོད་སྐྱོན་ཕོག་མཁན་གྱི་མི་གྲངས་ ༣༠༤༠༠ ལྷག་ཙམ་ས་གནས་ཁག་བཅུ་བཞི་ལ་བཀོད་སྒྲིག་བྱས་པའི་གནས་ཚུལ་ཐོན་བཞིན་འདུག གནོད་སྐྱོན་ཐེབས་ཡུལ་ཕལ་ཆེ་བ་མཚོ་ངོས་ནས་མི་ཀྲར་ ༤༠༠༠ ལྷག་བརྒལ་གྱི་ཡོད་པར་བརྟེན་ས་མཐོ་བོ་ཆགས་ཀྱི་ཡོད་པ་དང་། འབྱུང་འགྱུར་ཉིན་ཤས་རིང་ཉིན་རེའི་ཆ་དྲོད་ཀླད་ཀོར་ལས་ཉུང་དུ་འགྲོ་རྒྱུའི་ཉེན་ཁ་ཆགས་ཡོད་སྟབས། ད་ལྟ་ཡིན་ནའང་མྱུར་སྐྱོབ་ནང་མ་ཚུད་པར་ས་འོག་ཏུ་ཐིམ་པའི་དཀའ་ངལ་ཆེན་པོ་རང་བཞིན་གྱི་ཆགས་པ་དང་། མྱུར་སྐྱོབ་ནས་འཐེན་ཐུབ་ཡོད་ནའང་ཁང་ཁྱིམ་སོགས་འཕྲོ་བརླག་ཕྱིན་ཡོད་པར་བརྟེན་དཀའ་ངལ་ཆེན་པོ་ཞིག་རང་བཞིན་གྱི་འཕྲད་བཞིན་ཡོད།སྤྱི་ཚོགས་དྲ་ལམ་ཁག་ཏུ་བལྟས་པ་ཡིན་ན། བོད་རིགས་གཙོ་བོར་གྱུར་པའི་མི་རིགས་གཞན་རྣམས་ནས་ས་ཡོམ་རྒྱག་ཡུལ་དུ་རོགས་སྐྱོར་གྱི་དངོས་ཟོག་རིགས་འོར་འདྲེན་བྱེད་བཞིན་པའི་བརྙན་ཐུང་དེ་འདྲ་འགྲེམས་སྤེལ་གནང་བཞིན་ཡོད་སྟབས། བོད་མིས་བོད་པར་རོགས་པ་བྱེད་པའི་སེམས་འགུལ་ཐེབས་དགོས་པའི་གནས་སྟངས་ཤིག་རེད། ས་ཡོམ་རྒྱག་ཡུལ་གྱི་ཁང་ཁྱིམ་ལ་བལྟས་པ་ཡིན་ན་མེ་ཤུགས་འཕུར་མདའི་གཏོར་འགོལ་བྱེད་པ་ནང་བཞིན་འཇིགས་སུ་རུང་བ་དེ་འདྲ་བྱུང་འདུག མི་མང་པོ་ཞིག་ད་དུང་ཁང་པ་ཞིག་རལ་དུ་གནས་ཡོད་པ་ཚོད་དཔག་བྱེད་ཐུབ་ཀྱི་འདུག ལྷག་པར་དུ་བློ་གཡེང་ཆེ་ཤོས་དེ་གཏན་སྡོད་སློབ་གྲྭའི་སློབ་ཕྲུག་ཚོ་གང་འདྲ་ཆགས་ཡོད་མེད་ཞུ་ཚོད་ཐིག་གི་མི་འདུག དེར་བརྟེན་དེ་རིང་ང་ཚོའི་མཆོད་འབུལ་སྨོན་ལམ་འདི་ཛ་དྲག་ཐོག་དྷ་ས་གནས་འཁོད་མཛད་གཙོ་རྣམ་པ་དང་། འཛིན་སྐྱོང་ལས་བྱེད་རྣམ་པ། དྷ་ས་ཁུལ་གྱི་མི་མང་རྣམས་ལྷན་འཛོམས་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞུ་གི་ཡོད་པ་རེད། དེ་བཞིན་བོད་མི་འདུ་སྡོད་ས་གནས་ཁག་ཚང་མར་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་རོགས། ཆོས་རིག་ལས་ཁུངས་ངོས་ནས་བཀོད་ཁྱབ་གཏང་ཡོང་གི་རེད། སང་སྔ་དྲོ་ཆུ་ཚོད་ ༩ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པར་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུ་རྒྱུ་ཐུགས་གཏན་ཁེལ་ཡོད།
ད་ལྟའི་དུས་ཚོད་ཁག་པའི་སྐབས་འདིར་མི་ཚང་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་བོད་ནང་འབྱུང་བའི་གནོད་སྐྱོན་འདིའི་རྐྱེན་པས་དཀའ་ངལ་འཕྲད་བཞིན་པ། དེ་བཞིན་འཛམ་གླིང་ས་ཕྱོགས་གང་དུ་ཡིན་ནའང་དཀའ་ངལ་འཕྲད་བཞིན་པ་དག་ལ་མཆོད་འབུལ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་ཆུ་ཚོད་ ༤།༣༠ བར་སྨོན་ལམ་གསུང་འདོན་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེར་ཕུལ་ཏེ་མཆོད་འབུལ་སྨོན་ལམ་གྲོལ་ཡོད་པ་བཅས།།