༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ པོའི་ཚེས་ ༧ ཉིན་བཞུགས་སྒར་དྷ་རམ་ས་ལའི་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུས་པའི་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་།
སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། གཞན་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག ཁྲིམས་ཞིབ་པ་གཞན། ཤེས་རིག་བཀའ་བློན་མཆོག་གཙོས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། བོད་པའི་སློབ་གྲྭ་ཁག་ ༦༡ གི་འགན་འཛིན་དང་དགེ་ཆེ། དགེ་རྒན། དེ་བཞིན་མཐོ་སློབ་ཁག་གི་སྐུ་ཚབ་སོགས་ཁྱོན་ཚོགས་བཅར་བ་ ༢༠༦ ལྷག་ཆེད་བཅར་གནང་འདུག
མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་ལྟ་གོང་དུ་ཤེས་རིག་དྲུང་ཆེ་དང་། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་བ་གཞིར་བཟུང་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་ཡོན་གལ་ཆེ་ཤོས་སུ་བརྩིས་ནས་ཐོག་མར་བཙན་བྱོལ་ལ་ཕེབས་འབྱོར་བྱུང་མ་ཐག་ན་གཞོན་སློབ་ཕྲུག་ཚོའི་ཤེས་ཡོན་སློབ་གསོའི་ཆེད་དམིགས་སུ་བཀར་ནས་ཤུགས་སྣོན་མཛད་ཡོད་པའི་སྐོར་བཀའ་སློབ་རིམ་པ་ཕེབས་ཡོད། ད་བར་ཤེས་ཡོན་ཐོག་འགན་ཁུར་མཁན་མང་པོ་ཞིག་གིས་སྐུ་ངལ་བསྐྱོན་ཡོད་པ་དང་། ད་ལྟ་རྣམ་པ་ཚོ་འགན་ཁུར་མཁན་ཡིན་དུས། འདས་པའི་དུས་ཚོད་ནང་འཐུས་ཤོར་གང་ཕྱིན་པའི་ཐོག་སྐྱོན་གནད་ཡོ་བསྲང་དང་། མ་འོངས་པར་ཡར་རྒྱས་གཏོང་ཕྱོགས་ཐོག་ཚང་མས་དགོངས་པ་བཞེས་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་འདུག
ང་རང་ལྟ་བུར་ཆ་བཞག་ན། སྲོལ་རྒྱུན་ཤེས་ཡོན་ལམ་ལུགས་ཀྱི་ཐོག་ནས་འཚར་ལོངས་བྱུང་བ་ཞིག་ཆགས་ཀྱི་ཡོད་པ་ལས། དེང་དུས་ཀྱི་སློབ་གྲྭ་དེ་འདྲ་འགྲིམ་པའི་ཉམས་མྱོང་གང་ཡང་ཡོད་མ་རེད། ཡིན་ནའང་སྲོལ་རྒྱུན་གྱི་ཤེས་ཡོན་སྤྲོད་ཕྱོགས་ཐོག་ལ་བསམ་བློ་གཏོང་ཡོང་དུས། དེ་གལ་ཆེན་པོ་ཞེ་པོ་ཆགས་བསྡད་ཀྱི་འདུག དཔེར་ན་བོད་ཀྱི་ལོ་རྒྱུས་ཐོག་བལྟས་པ་ཡིན་ན། དུས་རབས་བརྒྱད་པའི་ནང་ཐོག་མར་བསམ་ཡས་གཙུག་ལག་ཁང་གསར་བཞེངས་གནང་རྗེས། དེ་ནས་ཐོན་པའི་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་སྐད་ཡིག་ཧ་ཅང་མང་པོ་མཁྱེན་གྱི་ཡོད་པ་མ་ཟད། སྐད་ཡིག་གཞན་ནས་བོད་ཀྱི་སྐད་ཡིག་ནང་སངས་རྒྱས་ཀྱི་བསྟན་པ་བསྒྱུར་གནང་ཞིང་། དེ་ཡང་དོན་བསྒྱུར་གནང་གི་ཡོད་པ་རེད། ཁོང་རྣམས་ཧ་ལས་པའི་རྣམ་དཔྱོད་ཆེན་པོ་རེད་འདུག ནང་ཆོས་ལ་ཆ་བཞག་ན། བཀའ་འགྱུར་པོད་བརྒྱ་ལྷག་ཙམ་དང་། བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་བཅས་པོད་སུམ་བརྒྱ་ལྷག་ཙམ་ཡོད་པ་རྣམས་མི་རབས་གོང་མ་རྣམས་ཀྱིས་སྐུ་ལས་བསྐྱོན་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད་རེད། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་ནང་ཆོས་ནི་འཛམ་གླིང་གི་གཅེས་ནོར་རེད་ཅེས་བཀའ་སློབ་ཕེབས་བསྡད་ཀྱི་ཡོད་པ་རེད། འཛམ་གླིང་སྤྱི་ལ་ཕན་པའི་རིག་གཞུང་དེ་ང་ཚོར་ལོ་བརྒྱ་ཕྲག་མང་པོའི་གོང་ནས་ཡོད་བསྡད་པ་ཞིག་ཡིན་དུས། དེ་ཚོའི་ཐོག་ལ་སྔོན་བྱུང་མཁས་པ་རྣམས་ཀྱིས་སྐུ་ལས་གང་འདྲ་བསྐྱོན་པའི་ཐོག་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག
སློབ་སྦྱོང་བྱེད་ཡོང་དུས། སློབ་དཔོན་དབྱིགས་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་བཞིན། དང་པོ་ཚུལ་གནས་དགོས་ཀྱི་ཡོད་ཅིང་། ཚུལ་གནས་དགོས་ཟེར་ན་སྒོ་གསུམ་གྱི་སྤྱོད་པ་ཡ་རབས་དགོས་ཀྱི་ཡོད། ཐོས་ཟེར་དུས་གཞན་ནས་ཉན་དགོས་པའམ་ཡང་ན་དཔེ་དེབ་ཀློག་དགོས་པ། བསམ་ཟེར་དུས་དེ་ལ་ཞིབ་འཇུག་བྱེད་དགོས་པ། སྒོམ་ཟེར་དུས་དེ་ལ་གོམས་པ་བྱས་ནས་གྲུབ་འབྲས་ཐོན་པ་ཞིག་བྱེད་དགོས་རེད། དེང་སང་ནུབ་ཕྱོགས་པས་མིང་དེ་ལྟར་བཏགས་མེད་ཀྱང་དོན་དག་དེ་ག་རང་ཤོད་བསྡད་ཀྱི་འདུག ང་ཚོ་སོ་སོར་ཡོད་པ་འདི་རྩ་ཆེན་པོར་བརྩིས་ནས་སོ་སོའི་ངོས་ནས་ཉམས་ལེན་དང་། སློབ་ཕྲུག་ངོས་ནས་ཀྱང་དེ་ལྟར་ཉམས་ལེན་ཡོང་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་རེད་འདུག
དགེ་བའི་བཤེས་གཉེན་ཐོག་ཆ་བཞག་ན། ཡོངས་གྲགས་སུ་མདོ་སྡེ་རྒྱན་ནང་། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །འདིར་དོན་ཚན་བཅུ་ཡོད་ཅིང་། དགེ་རྒན་ཞིག་ཡིན་ན་དོན་ཚན་བཅུ་པོ་དེ་དག་སོ་སོར་ཚང་དགོས་པ། དང་པོ་དེ་བཤེས་གཉེན་དུལ་བཟེར་དུས་དགེ་བའི་བཤེས་གཉེན་ཡང་ན་དགེ་རྒན་ཟེར་གྱི་ཡོད་དུལ་བ་ཟེར་ན་སྒོ་གསུམ་གྱི་སྤྱོད་པ་དུལ་བ། དེ་ཡང་སློབ་ཕྲུག་རྣམས་ཀྱི་མིག་དཔེ་བལྟ་ས་ལྟ་བུ། ཞི་བ་ཟེར་ན་དྲན་པ་དང་ཤེས་བཞིན་བརྟན་པོར་གནས་དགོས་ཀྱི་ཡོད་པ། ཉེར་བ་ཞི་བ་ཟེར་དུས་སྒོ་གསུམ་གྱི་སྤྱོད་པ་ཡག་པོ་ཡོད་པ་ཙམ་གྱི་མ་འགྲིག་པར། ལེགས་ཉེས་བླང་དོར་གྱི་རྣམ་དཔྱོད་ཅིག་དགོས་ཀྱི་ཡོད། དེ་ཡིན་དུས། ཚིག་རྐང་དང་པོ་དེས་དོན་ཚན་གསུམ་བསྟན་གྱི་ཡོད། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག་ཟེར་དུས། སོ་སོས་སློབ་ཁྲིད་གནང་ས་དེ་ལས་སོ་སོ་ཡོན་ཏན་ལྷག་པ་ཞིག་དགོས་ཀྱི་ཡོད་པ་མ་ཟད། དེ་ལ་བརྩོན་པ་དགོས་ཀྱི་ཡོད་རེད། བརྩོན་པ་ཟེར་ན་བརྩོན་པ་དགེ་ལ་སྤྲོ་བའོ། ལས་ཀ་གང་བྱས་པ་ཡིན་ནའང་སྤྲོ་བ་དགོས་ཀྱི་ཡོད་པ། དེ་ལྟར་སྤྲོ་བ་མེད་ན་ལས་ཀ་དེ་ལས་ཐུབ་ཀྱི་མེད་པ་རེད། སློབ་ཕྲུག་རྣམས་ལ་སློབ་ཁྲིད་བྱེད་པའི་སྐབས་ལ་སྤྲོ་སྣང་ལྡན་པའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་དང་། སློབ་ཕྲུག་རྣམས་ལའང་སྤྲོ་བ་ཡོང་རྒྱུའི་ཁོར་ཡུག་བསྐྲུན་ཐུབ་དགོས་པ། ལུང་གིས་ཕྱུག་ཟེར་ན་སོ་སོས་གཞུང་ལུགས་འཆད་ཉན་དང་སློབ་ཁྲིད་གང་བྱ་བ་དེའི་རྒྱབ་ལྗོངས་རྒྱུ་མཚན་ཚང་མ་རྟོགས་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། སྐར་མ་གཅིག་ཡིན་ནའང་འདྲ། ཆུ་ཚོད་གཅིག་ཡིན་ནའང་གང་ལྟར་གཞུང་ལུགས་དེའི་ཐོག་ཤོད་ཐུབ་པ་ཞིག་དང་ཤེས་བྱ་གང་ཡིན་ངོ་སྤྲོད་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད། དེ་ཉིད་རབ་ཏུ་རྟོགས་ལ་ཟེར་ན་སློབ་ཁྲིད་བྱ་རྒྱུའི་ཤེས་བྱའི་དོན་ཡོངས་སུ་རྟོགས་ཐུབ་དགོས་པ་དང་། སྨྲ་མཁས་ལྡན་ཟེར་ན་ཤོད་མཁས་པོ་དགོས་རེད་ཟེར་གྱི་ཡོད། སློབ་ཕྲུག་གི་ཁོར་ཡུག་ནང་བློ་རིག་རབ་འབྲིང་མཐའ་གསུམ་ཡོད་དུས། དེ་ཚོ་ཚང་མ་དགེ་རྒན་གྱི་ཤེས་དགོས་པ་དང་། དེ་ཤེས་པ་ཡིན་ན། དགེ་རྒན་གྱིས་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཚད་ལྡན་རྒྱུད་སྤྲོད་བྱེད་ཐུབ་ཀྱི་ཡོད། ནུབ་ཕྱོགས་པས་བཤད་སྲོལ་ལ། དགེ་རྒན་གྱིས་སོ་སོའི་སློབ་ཕྲུག་ཚང་མའི་མིང་ཤེས་དགོས་པ་དང་། མིང་འབོད་གནང་ནས་སློབ་ཕྲུག་སོ་སོའི་དགོངས་ཚུལ་ཤོད་འཇུག་དགོས་པ་མ་ཟད། སློབ་ཕྲུག་ཚོའི་རྒྱུན་ལྡན་འཚོ་བའི་ཐོག་ལ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཡིན་པ། དེས་སློབ་ཕྲུག་རྣམ་པའི་བློ་གྲོས་གོང་འཕེལ་ཡོང་རྒྱུར་གདེང་ཚོད་རྙེད་ཐུབ་ཀྱི་རེད་ཟེར་གྱི་ཡོད་རེད། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། ཟེར་ན་སློབ་ཕྲུག་རྣམས་ལ་བརྩེ་བའི་བདག་ཉིད་ཅིག་དགོས་ཀྱི་ཡོད་ཅིང་། བརྩེ་བའི་བདག་ཉིད་ཟེར་ན་སློབ་ཕྲུག་རྣམས་ཡག་པོ་ཞིག་བྱུང་ན་བསམ་པའི་བློ་དང་། ཡག་པོ་ཡོང་རྒྱུར་དགེ་རྒན་སོ་སོའི་ངོས་ནས་གང་བྱ་རྒྱུའི་ཐོག་བསམ་བློ་བཏང་ནས་ལག་བསྟར་བྱེད་པ། སློབ་ཕྲུག་གི་བསམ་ཚུལ་ལ་གུས་ཞབས་དང་། སོ་སོའི་ཡོན་ཏན་ཕར་སློབ་ཕྲུག་ལ་འཇོག་ཐབས། ནུབ་ཕྱོགས་པའི་ནང་དགེ་རྒན་ནས་སློབ་ཕྲུག་རྩ་ཆེ་བ་བརྩི་རྒྱུའི་གནས་བབ་ཅིག་སླེབས་ཡོང་གི་འདུག དེ་ག་རེ་བྱས་ནས་ཡོང་གི་ཡོད་རེད་ཟེར་ན། དོན་དག་ཏུ་གཅིག་གིས་གཅིག་ལ་བརྩེ་བ་ཡོང་རྒྱུའི་ཆེད་སླེབས་བསྡད་ཀྱི་ཡོད་རེད། གང་ལྟར་སློབ་ཕྲུག་རྣམས་ཡག་པོ་ཡོང་རྒྱུར་བསམ་བློ་སླེབས་བསྡད་ན་འགྲིག་གི་ཡོད་རེད། དེ་ང་ཚོའི་ནང་ལའང་དགོས་པ་ཞིག་རེད། མཐའ་མ་དེ་སྐྱོ་བ་སྤངས་ལ་བརྟེན་ཟེར་ན། སོ་སོའི་སློབ་ཁྲིད་བྱ་རྒྱུའི་ལས་འགན་དེ་ལས་གལ་ཆེ་བ་མེད་བསམ་པའི་ཐོག་ནས་སློབ་ཁྲིད་བྱེད་དགོས་རེད། སོ་སོར་དཀའ་ངལ་གང་བྱུང་ནའང་དེ་སྤངས་ནས་སློབ་ཁྲིད་བྱ་རྒྱུ་གལ་ཆེན་པོར་བརྩིས་ནས་སློབ་ཁྲིད་བྱེད་དགོས། སློབ་ཕྲུག་རྣམས་ཀྱི་དྲི་བ་གང་བཏང་ནའང་སུན་སྣང་མེད་པར་གུས་བརྩི་དང་ལྡན་པའི་ལན་འདེབས་བྱེད་དགོས་པ་བཅས་དགེ་རྒན་ལ་གོང་གི་དོན་ཚན་བཅུ་ཡོད་པ་རྣམས་ཚང་དགོས་ཀྱི་ཡོད་པ་རེད།
དེ་བཞིན་སྲོལ་རྒྱུན་ཤེས་ཡོན་ལམ་ལུགས་ནང་། དགེ་རྒན་ལ་བཤེས་གཉེན་ནམ་ཡང་ན་ཡོངས་འཛིན་ཞེས་ཐ་སྙད་འབོད་སྲོལ་ཡོད་པ་རེད། ཡོངས་འཛིན་ཟེར་ན། སློབ་ཕྲུག་རྣམས་སློབ་སྦྱོང་ཡག་པོ་ཞིག་ཤེས་ཐུབ་རྒྱུར་ཡར་འཛིན་པ་ལ་གོ་དགོས། དཔེར་ན་ཆུ་ནང་གི་ཉ་མོ་ལྕགས་རྒྱུས་འཛིན་པ་ལྟ་བུ། སློབ་ཕྲུག་གི་བློ་གྲོས་གོང་སྤེལ་ཡོང་རྒྱུར་འབད་བརྩོན་བྱ་དགོས་པ། དེ་ཡང་གཞུང་ལུགས་ནང་ཁྱད་ཆོས་གསུམ་ཚང་དགོས་པ་ཤོད་ཀྱི་ཡོད་རེད། དང་པོ་ཤེས་རབ་ཀྱི་ཁྱད་པར། གཉིས་པ་དེ་ཆོས་བསྟན་པའི་ཁྱད་པར། གསུམ་པ་མི་མཐུན་ཕྱོགས་སྤངས་བའི་ཁྱད་པར། ཡོངས་འཛིན་ལ་ཁྱད་ཆོས་དེ་གསུམ་ག་ཚང་དགོས་ཤིང་། དེ་ཡང་ཤེས་རབ་ཀྱི་ཁྱད་པར་ཟེར་ན་འཇིག་ཞུམ་མེད་པ་ཞིག་དགོས་ཀྱི་ཡོད་རེད། སོ་སོས་མ་ཤེས་པ་ཡིན་ན་འཇིག་ཞུམ་ཡོང་གི་ཡོད་རེད། ཆོས་བསྟན་པའི་ཁྱད་པར་ཟེར་ན། སློབ་ཕྲུག་གི་བློ་རིག་ལ་དཔག་པའི་སློབ་ཁྲིད་བྱེད་ཐུབ་དགོས་པ། དཔེར་ན་བདག་ཅག་གི་སྟོབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ལ་དཔག་པའི་ཆོས་གསུངས་པ་ལྟ་བུ་རེད། ཚང་མ་ཡག་པོ་ཡོང་ཐབས་སུ་སློབ་ཕྲུག་རྣམས་ཀྱི་བློ་རིག་ལ་དཔག་པའི་སློབ་ཁྲིད་བྱེད་ཐུབ་དགོས་པ། མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་ཟེར་ན། གཞན་ཕན་གྱི་བསམ་བློ་དང་། བརྩེ་བའི་བདག་ཉིད་དགོས་ཀྱི་ཡོད་པ། ས་སྐྱ་པཎ་ཆེན་གྱིས་ལུང་ཞིག་དྲངས་ཀྱི་ཡོད་པ་ལྟར། རིག་པ་ནངས་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཡང་། །སྐྱེ་བ་ཕྱི་མ་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཟེར་བ་དེ་སློབ་ཕྲུག་ཙམ་ལ་མ་ཡིན་པར་དགེ་རྒན་རྣམས་ཀྱིས་ཀྱང་གོ་བ་ལེན་དགོས་པ། སྤྱོད་འཇུག་ནང་ལའང་གསུངས་ཡོད་རེད། རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་བྱུང་། །དེ་ཡང་ལྗོན་ཤིང་གཡོ་བ་ལ་རླུང་དགོས་པ་ལྟར། སོ་སོའི་བསོད་ནམས་དེའང་བརྩོན་འགྲུས་ལ་བརྟེན་ནས་ཡོང་དགོས་ཀྱི་རེད། ཆོས་ཕྱོགས་ནས་བཤད་པ་ཡིན་ན། མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ཐོབ་རྒྱུར་བསོད་ནམས་རེད། ཁ་ཐུག་གོ་བ་ལེན་པ་ཡིན་ན། ང་རང་ཚོ་ཤེས་ཡོན་ཡག་པོ་ཐོབ་པ་དང་། གཟུགས་བབ་ཡག་པོ་ཡོད་པ། གྲོགས་པོ་བཟང་པོ་ཐུག་པ་བཅས་ཚང་མ་བསོད་ནམས་ཀྱི་འབྲས་བུ་ཆགས་བསྡད་ཀྱི་ཡོད་རེད། བསོད་ནམས་ཡོང་རྒྱུར་བརྩོན་འགྲུས་ཀྱི་མི་མཐུན་པ་ལེ་ལོ་དང་། ཕྱིར་བཤོལ་སྤངས་དགོས་པ་བཅས་རེད།
གཞན་ཡང་འདུ་ཤེས་བཞི་ཆོས་ཕྱོགས་ནས་ཞུས་པ་ཡིན་ན། དགེ་བའི་བཤེས་གཉེན་དེ་སྨན་པའི་འདུ་ཤེས་དང་། ཆོས་དེ་སྨན་གྱི་འདུ་ཤེས། སོ་སོར་ནད་པའི་འདུ་ཤེས། དོན་དག་དེ་ནད་དེ་ཞི་ནས་སོ་སོ་མི་ཚེ་རིང་པོར་འཚོ་ཐུབ་དགོས་པའི་འདུ་ཤེས་ཤིག་དགོས་ཀྱི་ཡོད་རེད། དེ་ལྟར་སློབ་གྲྭའི་ཁོར་ཡུག་ནང་དགེ་རྒན་དེ་སྨན་པ་དང་། སློབ་ཕྲུག་རྣམས་ནི་ནད་པ། སློབ་ཁྲིད་ཀྱི་གཞུང་ལུགས་དེ་སྨན་ལྟ་བུ་ཆགས་བསྡད་ཀྱི་ཡོད་རེད། སློབ་ཕྲུག་རྣམས་ཀྱི་མ་ཤེས་པ་དེ་ཤེས་པ་བྱ་རྒྱུའི་འགན་ཡོད་རེད། དེ་ཡིན་དུས་འདུ་ཤེས་ཟེར་བ་དེ་གལ་ཆེན་པོ་ཆགས་བསྡད་ཡོད། དེའི་ཐོག་ནས་གོ་བ་ལེན་རྒྱུ་ཞེ་པོ་འདུག དགེ་རྒན་གྱི་ལས་ཀ་དེ་སྨན་པ་ལྟ་བུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་ཅིང་། ནད་པ་ཛ་དྲག་ཅིག་སོ་སོའི་འཁྲིས་ལ་ཡོད་པ་དེ་ལ་སྨན་བཅོས་བྱེད་དགོས་ཀྱི་ཡོད་རེད། སྨན་བཅོས་ཡག་པོ་བྱེད་མ་ཐུབ་པ་ཡིན་ན་ནད་པ་ཤི་རྒྱུ་དང་། ཡང་ན་མལ་སར་ལྷག་སྟེ་དཀའ་ངལ་ཆེན་པོ་འཕྲད་སྲིད་ཀྱི་ཡོད་རེད། ཆོས་ཕྱོགས་ནས་བཤད་ན། དགེ་བའི་བཤེས་གཉེན་ཟེར་བ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། སྲོལ་རྒྱུན་ནང་ཡོད་པ་དེ་ཚོ་ཚུར་སྦྱར་ནས་སོ་སོའི་ལས་ཀ་གལ་ཆེན་པོ་ཡིན་པར་བརྩིས་ནས་ལས་དོན་འགྲུབ་ཐུབ་དགོས་པ་དེ་གལ་ཆེན་པོ་རེད་འདུག སྲོལ་རྒྱུན་ནང་ལོགས་ལ་དགེ་རྒན་དང་། སློབ་ཕྲུག་གི་འདུ་ཤེས་འཛིན་སྟངས་དང་། སློབ་གྲྭའི་ཁོར་ཡུག་ནང་ལའང་དེ་ལྟར་དགོངས་པ་བཞེས་ཐུབ་རྒྱུར་དེ་གཅིག་ཞུས་ན་བསམ་བྱུང་།
འཛིན་སྐྱོང་ཐོག་ལ་ཞུས་པ་ཡིན་ན། ནུབ་ཕྱོགས་སུ་འཛིན་སྐྱོང་ནང་སློབ་ཕྲུག་གི་སྐུ་ཚབ་དེ་འདྲ་ཐད་ཀར་ཞུགས་ནས་ཐག་གཅོད་གནང་བ་དེ་འདྲ་ཡོང་གི་འདུག ཤར་ཕྱོགས་ནང་དེ་ཞེ་པོ་ཡོད་མ་རེད། དེང་སང་སློབ་སྤྱི་འདྲ་པོ་མང་གཙོའི་ཐོག་ནས་འོས་འདེམས་བྱེད་ཀྱི་ཡོད་ན་མ་གཏོགས། མང་བ་དེ་དམིགས་འཛུགས་བྱེད་བསྡད་ཀྱི་ཡོད་པ། འགོ་ཁྲིད་ཀྱི་ཐག་གཅོད་གང་བྱས་ཀྱང་སློབ་ཕྲུག་ཚོས་བརྩི་བཀུར་ཞུ་བསྡད་དགོས་པ་འདྲ་པོ་ཆགས་བསྡད་ཡོད་རེད། ཡིན་ནའང་། དེའི་ནང་ཡོ་བསྲང་བྱེད་ཐུབ་དགོས་པ་གལ་ཆེན་པོ་ཆགས་བསྡད་ཡོད་རེད། དཔེར་ན། སློབ་གྲྭའི་འཛིན་སྐྱོང་དང་། དགེ་རྒན་ནང་ལོགས་ན། ཁག་ཅིག་གིས་ང་ལས་ལྷག་པ་གཅིག་མེད་བསམ་པའི་ང་རྒྱལ་དང་། གཞན་ལ་ཁྱད་གསོད་བྱེད་སྡོད་མཁན་དེ་འདྲ་ཡོང་གི་འདུག གཙོ་བོ་གཞན་ལའང་མིའི་འདུ་ཤེས་བཞག་ནས་སོ་སོ་མཉམ་དུ་ཁྲིད་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག རིགས་གཅིག་གིས་སོ་སོར་རྒྱབ་ལྟག་ཡོད་མདོག་མདོག་བྱས་ཏེ་གང་བྱུང་བྱུང་བྱས་ན་འགྲིག་གི་རེད་བསམ་པ་ཡིན་ན་ནོར་གྱི་ཡོད་རེད། དེ་ཚོའི་རིགས་སྤང་དགོས་ཀྱི་ཡོད་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་སྤྱི་ཚོགས་དེ་དྲང་བདེན་དང་། འདྲ་མཉམ་ཡོང་ཐུབ་རྒྱུའི་དགོངས་གཞི་ཡོད་པའི་ཐོག་ད་བར་ལག་བསྟར་བྱེད་བཞིན་ཡོད་པ་རེད། ད་བར་མགོན་པོ་གང་གི་མཛད་འཕྲིན་ལ་བརྟེན་ནས་ང་ཚོར་ཆེ་མཐོང་དང་། ཆ་འཇོག་ཡོང་བསྡད་ཀྱི་ཡོད། མ་འོངས་པར་མུ་མཐུད་ང་ཚོར་ཆེ་མཐོང་དང་། ཆ་འཇོག་ཡོང་བར་ཚང་མས་དྲང་བདེན་དང་། འདྲ་མཉམ་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་འགན་ཁུར་བཞེས་དགོས་ཀྱི་ཡོད་རེད། རྒྱབ་ལྟག་ཡོད་མདོག་མདོག་བྱེད་པ་ཡིན་ན་ནོར་བ་རེད། དེ་སྤང་དགོས་རེད། དེ་བཞིན་གོང་རིམ་ལ་ངོ་དགའ་སྤྲེལ་ལད་བྱས་ནས་སོ་སོར་ཁེ་ཕན་ཐོབ་རྒྱུའི་ཐབས་ཤེས་གཏོང་བ་དེ་ཡང་ནོར་བ་རེད། དེ་ཚོའི་རིགས་སྤང་དགོས་ཀྱི་འདུག སྤྱོད་འཇུག་ནང་ལོགས་ལ། བདག་ལྟ་རིགས་ཀྱི་མིར་སྐྱེས་ནས། །ཕན་དང་གནོད་པའང་ངོ་ཤེས་ནས། ། ཞེས་གསུངས་ཡོད་རེད།
དུད་འགྲོ་སེམས་ཅན་གཞན་ཡིན་ན། ཕན་གནོད་ཀྱི་བླང་དོར་ཤེས་ཀྱི་མ་རེད། མི་ཟེར་བ་དེར་རྣམ་དཔྱོད་དམིགས་བསལ་བ་ཞིག་ཡོད་རེད། དེ་ཡིན་དུས་བླང་དོར་གྱི་གནས་སྟངས་ཐོག་སོ་སོའི་ངོས་ནས་འགན་ཁུར་ཐུབ་རྒྱུའི་རྣམ་དཔྱོད་ཆ་ཚང་ཡོད་རེད། དེ་བེད་སྤྱོད་གཏོང་དགོས་པ་ལས། སྤྲེལ་ལད་འཁྲབ་ནས་འཛིན་སྐྱོང་དང་། སློབ་ཁྲིད། ཤེས་ཡོན་སོགས་ཅི་གང་ལའང་ཕན་ཐོགས་ཡོད་མ་རེད། དེ་འདྲའི་རིགས་མ་འོངས་པར་མ་ཡོང་བའི་འབོད་སྐུལ་ཞུ་གི་ཡོད། ད་ལྟ་གོང་དུ་ཤེས་རིག་དྲུང་ཆེ་ཡིས་གསུངས་པ་ལྟར། བཙན་བྱོལ་ནང་འདས་པའི་ལོ་ངོ་དྲུག་ཅུའི་ནང་ཤེས་ཡོན་ཚད་དང་ལྡན་པ་འབུམ་རམས་པ་དང་། སློབ་དཔོན་ཆེན་མོ་དེ་འདྲ་མང་པོ་མི་འདུག བོད་ནང་ནས་དེ་འདྲ་ཡོང་གི་འདུག བོད་ནང་ནས་ཚུར་ཨ་རི་སོགས་ལ་སློབ་སྦྱོང་བྱས་ནས་རྒྱལ་སྤྱིའི་ནང་ཨིན་ཇིའི་ཐོག་གཏམ་བཤད་གནང་མཁན་གྲགས་ཅན་དེ་འདྲ་བྱུང་བསྡད་ཀྱི་འདུག ཡིན་ནའང་ང་ཚོ་བཙན་བྱོལ་ནང་ད་བར་དེ་འདྲ་ངས་མཐོང་མ་སོང་། དེ་མ་ཡོང་བའི་རྒྱུ་མཚན་གང་རེད། ང་ཚོ་འཐུས་ཤོར་འགྲོ་གི་ཡོད་རེད། སྔོན་མ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་སྟེང་སློབ་གྲྭའི་དུས་ཆེན་སྐབས་ང་ཚོ་ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་འདུག་ཅེས་བཀའ་གནང་བ་དང་། དེ་བཞིན་རིགས་གཅིག་རྐང་འཛིན་དང་ཆེད་ལས་པ་དགོས་ཀྱི་འདུག་ཅེས་བཀའ་ཕེབས་ཡོད་རེད། དེའི་རྗེས་ལ་ཚ་ཚ་འུར་འུར་འདྲ་པོ་བྱས་རེད་དེ། ད་ལྟ་རང་འཇགས་གནས་བསྡད་འདུག དེ་ཡིན་གཅིག་མིན་གཅིག་ཤུགས་རྒྱག་དགོས་ཀྱི་འདུག མ་འོངས་པའི་ང་ཚོའི་ཆོས་དང་། རིག་གཞུང་། སྐད་ཡིག འཐབ་རྩོད་བཅས་ཚང་མ་མི་རབས་རྗེས་མ་ལ་རག་ལུས་ཀྱི་ཡོད་རེད། སློབ་ཕྲུག་རྣམས་ནི་མ་འོངས་པའི་འགན་ཁུར་ཞུ་མཁན་ཡིན་དུས། རྣམ་པ་ཚོ་ཉིན་མ་གསུམ་རིང་ཚོགས་འདུ་འཚོགས་སྐབས། འཛིན་སྐྱོང་དང་། སློབ་ཁྲིད། དགེ་རྒན་བཅས་གང་ཅིའི་ཐོག་ནས་ཡར་རྒྱས་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་ཐོག་དགོངས་པ་བཞེས་ནས་དགོངས་ཚུལ་གསུང་ཐུབ་དགོས་པ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཤེས་རིག་གི་ཚོགས་ཆེན་ལམ་ལྷོངས་ལྡན་པ་ཡོང་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་རྣམ་གཉིས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་ལགས་ནས་ཕེབས་བསུའི་གསུང་བཤད་དང་ཤེས་རིག་ཚོགས་ཆེན་སྔ་མ་རྣམས་ཀྱི་གྲོས་ཆོད་ལག་བསྟར་ཇི་ཞུས་སྐོར་གསུང་བཤད་གནང་ཡོད་པ་བཅས། །