༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་དམར་གཞུང་གིས་ཁེ་ན་ཌ་བོད་དོན་ལྷན་ཚོགས་དང་། ཁེ་ན་ཌ་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པ་གཉིས་ཀྱི་འགན་འཛིན་གཙོས་པའི་འབྲེལ་ཡོད་མི་སྣ་ ༢༠ ལ་སྲིད་དོན་ཉེས་ཆད་བཀལ་བར། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསར་འགོད་བསྒྲགས་གཏམ་སྤེལ་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁེ་ན་ཌ་བོད་དོན་ལྷན་ཚོགས་དང་། ཁེ་ན་ཌ་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པ་གཉིས་ཀྱི་ཚོགས་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་པ་རྣམས་ཐེར་འདོན་གནང་རྒྱུའི་ཁྱེད་རྣམ་པའི་བློ་སྟོབས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
རྒྱ་ནག་དམར་གཞུང་གིས་ཚོགས་སྡེ་དང་། མི་སྒེར་བཅས་ལ་དེ་འདྲའི་སྲིད་དོན་ཉེས་ཆད་བཀལ་བར་འདི་ནས་སྐྱོན་བརྗོད་ཤུགས་ཆེ་བྱ་རྒྱུ་མ་ཟད། རྒྱ་ནག་དམར་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་རྣམས་ལ་དེ་འདྲའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱ་རྒྱུ་ངེས་པར་དུ་མཚམས་འཇོག་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན། །