༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་ལོ་གཉིས་དང་ཕྱེད་ཕྱི་མའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་བྱ་ཡུལ་ཆ་བགོས་ལྟར། བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༣༠ ནས་ཟླ་ ༡༢ པོའི་ཚེས་ ༡༣ བར་བལ་ཡུལ་རྒྱལ་ས་ཀཐ་མན་གྲུ་དང་། མཆོད་རྟེན། འཇོར་པ་ཀྲི། འཕགས་ཤིང་། འཇོ་ལ་ཁེལ་བསམ་གྲུབ་གླིང་དང་ཕུན་གླིང་བཅས་སུ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ལེགས་གྲུབ་གནང་ཡོད་པ་རེད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༢ པའི་ཚེས་ ༡ ཉིན་བལ་ཡུལ་རྒྱལ་ས་ཀཐ་མན་གྲུ་ལ་ཕེབས་འབྱོར་བྱུང་བ་དང་། ཕྱི་ཚེས་ ༢ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། རྒྱལ་ས་འཕགས་ཤིང་ས་འགོ་བཀྲ་ཤིས་རྡོ་རྗེ་ལགས་དང་། མཆོད་འཇོར་ས་འགོ་ཕུར་བུ་ལགས། འཇོ་ལ་ཁེལ་བསམ་གྲུབ་གླིང་ས་འགོ་ཚེ་རིང་སྒྲོལ་མ་ལགས། ཤ་ཝ་ར་གསུམ་ས་འགོ་ཡེ་ཤེས་ཆོས་སྒྲོན་ལགས་བཅས་དང་ལྷན་ཚོགས་འདུ་ཞིག་ཚོགས་ནས་རྒྱལ་སའི་མངའ་ཁུལ་དང་ཁྱབ་ཁོངས་གཞིས་ཆགས་ཀྱི་གནས་སྟངས་ལ་རྒྱུས་ལོན་དང་ལས་རིམ་བསྒྲིགས་གནང་།
ཕྱི་ཟླ་ ༡༢ པའི་ཚེས་ ༣ ཉིན་རྒྱལ་ས་འཕགས་ཤིང་དང་། མཆོད་འཇོར་ཁུལ་གྱི་ས་གནས་འགོ་འཛིན་རྣམ་པ་གཉིས་དང་ལྷན། ཡང་ལེ་ཤོད་ལ་ཕེབས་ཐོན་གྱིས་ས་གནས་སུ་རྟེན་གཞི་བྱས་པའི་ཡང་ལེ་ཤོད་གྲུབ་ཐོབ་དགོན་པར་ཕེབས་འབྱོར་མཚམས། དགོན་པའི་ཕྱག་མཛོད་དང་། ས་གནས་རང་བདེན་ཚོགས་ཆུང་གི་འབྲེལ་མཐུད་པ་བུ་ཕྲུག་ཉི་མ་ལགས་དང་ཚོགས་མི་སྤེན་པ་ཚེ་རིང་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། ས་གནས་བོད་མིའི་གནས་སྟངས་རྒྱུས་ལོན་དང་། དཀའ་སེལ་དགོས་རིགས་ཁག་ལ་ལམ་སྟོན་དང་། དེ་ནས་རི་ཁྲོད་པ་གྲྭ་བཙུན་ཁག་ཅིག་དང་། ས་གནས་སུ་གནས་སྡོད་བོད་མི་རྣམས་དང་ལྷན་ཚོགས་འདུ་ཞིག་བསྐོངས་ཏེ། ཁོང་རྣམ་པའི་བདེ་སྡུག་ལ་གསན་ཞིབ་དང་། ལམ་སྟོན་ཞུ་སྒོ་ཁག་ཞུས་གནང་། རིམ་པས་སྒྲོལ་མ་རང་བྱོན་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་ཨ་སུ་རའི་བྲག་ཕུག རྡོ་རྗེ་རྣལ་འབྱོར་མའི་གནས། ཁྲ་རིགས་དགོན་པའི་བཤད་གྲྭ། ༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་བཅས་ལ་གནས་མཇལ་དང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས་ལ་གཟིགས་ཞིབ་གནང་ཡོད་འདུག
ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་གདན་ཞུས་ལྟར། ན་ཡ་པ་ཊར་རྟེན་གཞི་བྱས་པའི་འབྲི་གུང་རིན་ཆེན་གླིང་དུ་འབྲི་གུང་༸སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་ཐོག་སློབ་དཔོན་ཟླ་བ་དོན་འགྲུབ་ལགས་ཀྱིས་གོ་སྒྲིག་ཞུས་པའི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གསེར་བྲིས་མ་དབུ་འབྱེད་དང་། རྣལ་འབྱོར་པ་ཐུགས་སྲས་ཉེར་ལྔའི་མཛད་རྣམ་དང་འབྲེལ་བའི་ཐང་ཀའི་འགྲེམས་སྟོན་གྱི་མཛད་སྒོར་ཆེད་ཕེབས་དང་། མཛད་སྒོ་གྲུབ་མཚམས། འབྲི་གུང་༸སྐྱབས་མགོན་རིན་པོ་ཆེ་མཆོག་དང་། གྲུབ་དབང་ནུབ་པ་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་ཁ་ཞུས།
ཕྱི་ཚེས་ ༦ ཉིན་སྔ་དྲོ་བལ་ཡུལ་སྐུ་ཚབ་དོན་གཅོད་དང་། རྒྱལ་ས་འཕགས་ཤིང་ས་གནས་འགོ་འཛིན་དང་ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་གི་འཐུས་མི་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་པ་དང་། དེེ་རྗེས་དོན་གཅོད་ལས་ཁུངས་དང་། ཤ་ཝ་ར་གསུམ་ས་འགོ་ལས་ཁུངས། རྒྱལ་འཕགས་ས་འགོ་ལས་ཁུངས། དཔེ་མཛོད་དང་འགྲེམས་སྟོན་ཁང་བཅས་ལ་གཟིགས་སྐོར་དང་། ཕྱི་དྲོ་འཇོ་ལ་ཁེལ་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས། ཨ་ཏི་ཤའི་ཉིན་སློབ་ཀྱི་སློབ་སྤྱི། ཕ་མའི་ཚོགས་ཆུང་གི་འཐུས་མི་བཅས་ལྷན་འཛོམས་ཐོག བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ལ་གསུང་བཤད་དང་། མི་མང་གི་བདེ་སྡུག་གསན་ཞིབ་དང་། གསལ་བཤད་དགོས་རིགས་ཁག་ལ་ལན་འདེབས་ཞུས་རྗེས། འཇོ་ལ་ཁེལ་གཞིས་གྲོང་ལ་གཟིགས་སྐོར་གནང་ཡོད་འདུག
ཕྱི་ཚེས་ ༧ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ལྷན་བཅར་ཐོག མཆོད་འཇོར་ས་འཐུས་ཚོགས་གཙོ་དབུས་པའི་ཚོགས་མི་རྣམ་པ་དང་། མཆོད་རྟེན་དང་འཇོར་པ་ཀྲི་རང་ཚོགས་གཉིས་ཀྱི་ཚོགས་གཙོ་དབུས་པའི་ཚོགས་མི་རྣམ་པ་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཏེ། མི་མང་གི་བདེ་སྡུག་ཞུས་ཁག་ལ་གསན་ཞིབ་དང་། གསལ་བཤད་དགོས་རིགས་ལ་ལན་འདེབས། འབྲེལ་ཡོད་ལ་བཀོད་མངགས་གནང་དགོས་ཁག་བཅས་གནང་བ་དང་། ཉིན་རྒྱབ་སྲོང་བཙན་སློབ་གྲྭ་དང་། གྷོ་ཁ་ནཱ་རྣམ་རྒྱལ་མཐོ་སློབ། རྣམ་རྒྱལ་འབྲིང་སློབ་ལ་གཟིགས་སྐོར་རྟོག་ཞིབ་དང་། ཕྱི་དྲོ་བལ་ཡུལ་སྣེ་ལེན་ཁང་ལ་གཟིགས་སྐོར་དང་། སྣེ་ལེན་ཁང་གི་ལས་དོན་སྤྱི་དང་བོད་ནས་གསར་འབྱོར་ཕེབས་སྐབས་སྣེ་ལེན་གོ་སྒྲིག་ཞུ་ཕྱོགས་སོགས་ཀྱི་གནས་སྟངས་ལ་རྟོག་ཞིབ་དང་རྒྱུས་ལོན། དགོང་དྲོ་བལ་ཡུལ་རྒྱལ་ས་འཕགས་ཤིང་དང་། མཆོད་འཇོར། ཤ་ཝ་ར་གསུམ། འཇོ་ལ་ཁེལ། དོན་གཅོད་ལས་ཁུངས་བཅས་ནས་བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ལ་གཞུང་འབྲེལ་ཕེབས་སྐྱེལ་གྱི་གསོལ་སྟོན་བཤམས་ཡོད་འདུག
ཕྱི་ཚེས་ ༨ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་གཉིས་བལ་ཡུལ་ཚེ་རིང་རྒས་གསོ་ཁང་ལ་གཟིགས་སྐོར་ཕེབས་པ་དང་། དེའི་སྐབས་རྒས་གསོ་ཁང་གི་འགན་འཛིན་དང་། ལས་བྱེད་སོགས་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། རྒས་གསོ་ཁང་གི་གནས་སྟངས་དང་ལས་དོན་གནང་ཕྱོགས་ལ་རྒྱུས་ལོན་དང་། རྒན་འཁོགས་རྣམས་ལ་གསུང་བཤད་དང་། ཁོང་རྣམ་པའི་རེ་འདུན་དང་དགོས་མཁོ་ཞུས་ཁག་ཐོག་འབྲེལ་ཡོད་ལ་བཀོད་མངགས་གནང་བ་དང་། དེ་རྗེས་དཔལ་བོ་གདོང་དགོན་པར་གནས་གཟིགས་དང་། རྟེན་གཙོ་ཁག་ལ་མཆོད་མཇལ་ཞུས་གནང་འདུག
ཕྱི་ཚེས་ ༩ ཉིན་སྔ་དྲོ་བལ་ཡུལ་གངས་ཅན་བདེ་རྩར་གཟིགས་སྐོར་ཕེབས་པ་དང་། སྐབས་དེར་འགན་འཛིན་ཚེ་རིང་སྟོབས་རྒྱས་ལགས་ནས་ཕེབས་བསུ་སྣེ་ལེན་དང་། ཚོགས་པའི་སྔ་ཕྱིའི་འབྱུང་རིམ་དང་། ད་བར་གྲུབ་འབྲས་ཇི་བྱུང་། ཁྲིམས་ལུགས་དང་འབྲེལ་བའི་ལས་དོན་སོགས་ཀྱི་སྐོར་ཞིབ་ཕྲ་ངོ་སྤྲོད་དང་། སྤྱི་འཐུས་རྣམ་པ་གཉིས་ནས་ཚོགས་པའི་དཀའ་སེལ་ཐབས་ལམ་ཐོག་གསལ་བཤད་ཞིབ་ཕྲ་གནང་རྗེས། ཉིན་རྒྱབ་མཆོད་འཇོར་ས་འགོ་ལས་ཁུངས་དང་། བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁུངས། ས་གནས་སྨན་རྩིས་ཁང་བཅས་ལ་གཟིགས་སྐོར་ཕེབས་ཡོད་འདུག
ཕྱི་ཚེས་ ༡༠ ཉིན་གཡུང་དྲུང་བོན་གྱི་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་པར་ཕེབས་ཤིང་། དེའི་སྐབས་གསོ་རིག་འབུམ་བཞིའི་སློབ་གྲྭའི་འགན་འཛིན་དགེ་བཤེས་བདེན་གཉིས་ཤེས་སྒྲུབ་ལགས་ནས་ཕེབས་བསུ་སྣེ་ལེན་དང་། ཉིན་གུང་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་པ་དང་། རིན་པོ་ཆེ་མཆོག་སྐུའི་དགུང་གྲངས་བརྒྱ་ལ་ཕེབས་པར་འཚམས་ཞུ་དང་། བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བཞུགས་པའི་གསོལ་འདེབས་ཞུས་རྗེས། ཕྱག་མཛོད་རྣམ་པའི་སྣེ་ལེན་ཐོག དགོན་པའི་ནང་གནས་མཇལ་དང་། གསོ་རིག་འབུམ་བཞིའི་སློབ་ཁང་དང་། སྨན་སྦྱོར་ཁང་། སྨན་ཁང་སོགས་ལ་གཟིགས་སྐོར་ཕེབས་གནང་འདུག
ཕྱི་ཚེས་ ༡༡ ཉིན་བལ་ཡུལ་མཆོད་རྟེན་ཉེ་འགྲམ་ལ་རྟེན་གཞི་བྱས་པའི་མན་སོ་ར་ཝར་ (Mansoravar) ཞེས་པའི་བོད་པའི་སྒེར་གཉེར་སློབ་གྲྭར་གཟིགས་སྐོར་ཕེབས་ཤིང་། སློབ་གྲྭའི་འགན་འཛིན་ཚུལ་ཁྲིམས་བཟང་མོ་ལགས་ཀྱིས་གཙོས་ལས་རོགས་རྣམ་པ་དང་། སློབ་ཕྲུག་བཅས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། སློབ་གྲྭའི་འཛིན་ཁང་རེ་རེ་བཞིན་གཟིགས་ཞིབ་དང་། འབྲེལ་ཡོད་འགན་ཁུར་བ་རྣམས་ལ་དམིགས་བསལ་བསྔགས་བརྗོད་དང་། མུ་མཐུད་སེམས་འཁུར་སྐྱེད་དགོས་པའི་ལམ་སྟོན་གནང་། ཉིན་རྒྱབ་འཇོར་པ་ཀྲི་བོད་མིའི་གཞིས་སྒར་ལ་གཟིགས་སྐོར་ཕེབས་སྐབས། བརྒྱ་དཔོན་དང་། ས་གནས་མི་མང་རྣམས་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས། གཞིས་སྒར་གྱི་ལྷ་ཁང་ལ་མཆོད་མཇལ་དང་། ས་གནས་ཚོགས་ཁང་སོགས་ལ་གཟིགས་ཞིབ་གནང་འདུག
ཕྱི་ཚེས་ ༡༢ ཉིན་སྔ་དྲོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ལུམ་བྷི་ནིར་ཕེབས་ཐོན་གྱིས་ས་སྐྱ་སྨོན་ལམ་ཆེན་མོ་ཚོགས་མཇལ་དང་། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་ལ་མཇལ་ཁ་ཞུས་པ་དང་། ཕྱི་དྲོ་མདོ་སྨད་ཆོལ་ཁ་ནས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་མཛད་སྒོར་མཉམ་ཞུགས་གནང་བ་དང་། ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་རྣམ་གཉིས་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གྱིས་ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །