༄༅། །རྒྱ་ནག་གཞུང་གིས་བོད་མདོ་སྨད་མགོ་ལོག་ཁུལ་དར་ལག་རྫོང་དཔོན་སྐོར་སྡེ་བ་ནས་བོད་མི་ ༢༠ ལྷག་འཛིན་བཟུང་བཙན་ཁྲིད་དང་། སྡེ་དཔོན་མགོན་པོ་རྣམ་རྒྱལ་ལགས་ལ་རྡུང་རྡེག་ཚད་མེད་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། མགོ་ལོག་ཁུལ་དུ་མཁན་པོ་བསྟན་པ་དར་རྒྱས་ལགས་ཀྱིས་སྣེ་ཁྲིད་པའི་བོད་ཀྱི་སྐད་ཡིག་ཚོགས་པ་ནས་ཕ་སྐད་གཙང་མའི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་མཁན་པོ་བསྟན་པ་དར་རྒྱས་ལགས་དང་། སྡེ་དཔོན་མགོན་པོ་རྣམ་རྒྱལ་ལགས་ཀྱིས་གཙོས་མི་གྲངས་ ༢༠ ལྷག་འཛིན་བཟུང་བཙན་ཁྲིད་ཀྱིས་ཟླ་བ་ ༧ ལྷག་གི་རིང་བཀག་བསྐྱིལ་བྱས་འདུག
བཀག་བསྐྱིལ་གྱི་དུས་ཡུན་རིང་རྒྱ་ནག་གཞུང་གིས་མི་སྤྱོད་ལས་འདས་པའི་མནར་གཅོད་དང་། རྡུང་རྡེག་ཚད་མེད་བཏང་བའི་རྐྱེན་གྱིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༨ ཉིན་དཔོན་སྐོར་སྡེ་བའི་སྡེ་དཔོན་མགོན་པོ་རྣམ་རྒྱལ་ལགས་འདས་གྲོངས་སུ་གྱུར་འདུག གནས་ཚུལ་མཁོ་སྤྲོད་པས་གསུངས་ན་རྒྱ་ནག་གཞུང་གིས་མགོན་པོ་རྣམ་རྒྱལ་ལགས་ལ་བཀག་བསྐྱིལ་དུས་ཡུན་རིང་གློག་ཆས་བརྒྱུད་རྡུང་རྡེག་ཚབས་ཆེ་བཏང་བའི་རྐྱེན་གྱིས་ནད་གཅོང་དུ་གྱུར་ཏེ་གློད་བཀྲོལ་བཏང་ཡོད་ན་ཡང་། ཉིན་གྲངས་གསུམ་རྗེས་འདས་གྲོངས་སུ་གྱུར་བ་དང་། ཁྲ་གླིང་དགོན་དུ་ཕུང་པོ་བཞུགས་ཕུལ་སྐབས་འདས་པོ་ཁོང་གི་གཟུགས་པོའི་ནང་ཁྲོལ་མང་པོ་ཞིག་འཚིགས་ཡོད་པ་ར་སྤྲོད་བྱུང་འདུག
རྒྱ་ནག་གཞུང་གིས་བཀག་བསྐྱིལ་འོག་ཡོད་པའི་མཁན་པོ་བསྟན་པ་དར་རྒྱས་ལགས་ནི། བླ་རུང་སྒར་གྱི་མཁན་པོ་ཆོས་རྗེས་དམ་པ་འཇིགས་མེད་ཕུན་ཚོགས་མཆོག་གི་ཐུགས་བརྩེ་ཆེན་པོ་གནང་ཡུལ་ཞིག་ཡིན་པ་དང་། མཁན་པོ་ཁོང་གིས་འདས་པའི་ལོ་མང་པོའི་རིང་མགོ་ལོག་ཁུལ་དུ་ཕ་སྐད་གཙང་མའི་ལས་འགུལ་ཐེངས་མང་སྤེལ་ཡོད་པ་སོགས་ལ་བསྙད་དེ་ཕྱི་ལོ་ ༢༠༢༤ ཟླ་ ༥ ནང་རྒྱ་ནག་གཞུང་གིས་མཁན་པོ་ཁོང་དར་ལག་རྫོང་དུ་ཚོགས་འདུ་ལ་འབོད་འགུགས་བྱས་ཏེ་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་དད་ལྡན་མང་ཚོགས་ཀྱིས་མཁན་པོ་བསྟན་པ་དར་རྒྱས་ལགས་ཀྱིས་སྐུ་གཟུགས་ཀྱི་གནས་བབ་ཤེས་རྟོགས་མེད་པར་ཐུགས་འཚབ་གནང་བཞིན་ཡོད་པ་རེད་འདུག
ཐེངས་འདིར་རྒྱ་ནག་གཞུང་གིས་མཁན་པོ་བསྟན་པ་དར་རྒྱས་ལགས་འཛིན་བཟུང་བཙན་ཁྲིད་དང་མགོན་པོ་རྣམ་རྒྱལ་ལགས་བཅར་རྡུང་གིས་རྐྱེན་འདས་གྲོངས་སུ་བཏང་བ་འདི་ནི། རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་ཚོར་མགོ་གནོན་ཆེད་བོད་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་མི་སྣ་རྣམས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞི་དང་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་སོགས་བསྙོན་འཛུགས་བྱས་ཏེ་དྲང་བདེན་མིན་པའི་ཁྲིམས་ཐག་དང་དམར་གསོད་གཏོང་བཞིན་པའི་སྲིད་བྱུས་ཤིག་ཡིན་པ་མངོན་གསལ་ཐུབ་ཡོད། །