༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྦྱོང་བརྡར་བསྟི་གནས་ཁང་དུ་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་འགོ་ཁྲིད་ཟབ་སྦྱོང་ཐོག་ཕེབས་པའི་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་སོང་།
ཟབ་སྦྱོང་འདི་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༣ ནས་ ༢༨ བར་འཚོགས་ཀྱི་ཡོད་པ་དང་། ཟབ་སྦྱོང་ནང་རྒྱ་གར་དང་། བལ་ཡུལ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་ ༡༦ ནས་རྒན་བདག་གྲངས་ ༤༣ མཉམ་ཞུགས་དང་། ལྷན་བཅར་ཞུ་མཁན་དགེ་རྒན་གྲངས་ ༡༦ བཅས་ཡོད་འདུག
དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུང་དོན། བཙན་བྱོལ་བོད་མིའི་མང་གཙོའི་འབྱུང་ཁུངས་འདྲ་པོ་དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཆགས་ཀྱི་ཡོད་པ་དང་། ང་ཚོའི་མང་གཙོའི་འཕེལ་རིམ་ཡོངས་གྲགས་འགྲེལ་བརྗོད་གནང་དུས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་སྩལ་གནང་བ་རེད་ཅེས་ཞུས་ཀྱི་ཡོད་པ་ལྟར། དོན་དག་ཡང་དེ་ལྟར་ཆགས་ཀྱི་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མང་གཙོའི་དགོངས་པ་བཞེས་ཕྱོགས་དེ་གང་འདྲ་བྱུང་འདུག་ཅེས་དྲི་བ་ཞིག་ཆགས་ཀྱི་ཡོད་དུས། དེའི་ཐོག་ནས་གསལ་པོ་ཆགས་རྒྱུའི་གནས་སྟངས་ཆགས་ཀྱི་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དང་། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཆིབས་བསྒྱུར་གནང་ནས་དེའི་སྐབས་ཀྱི་རྒྱ་ནག་གི་འགོ་ཁྲིད་མའོ་ཀྲུ་ཞིས་མཚོན་པའི་འགོ་ཁྲིད་མང་པོ་མཇལ་འཕྲད་དང་། རྒྱ་ནག་འཐུས་མིའི་ཚོགས་ཆེན་ནང་ལའང་ཕེབས་གནང་མཛད་ཡོད་པ། ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་དྲན་སྲུང་རྩིའི་ཐོག་གདན་འདྲེན་ཞུས་པ་བཞིན་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས། སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་གཙོས་པའི་དཔོན་རིགས་མང་པོ་ཞིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་ཀར་ཕེབས་གནང་མཛད་དེ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བགྲོ་གླེང་དང་། གསུང་བཤད་གནང་སྟངས། སྲིད་བློན་མཚོན་པའི་གཞུང་འཛིན་མི་སྣས་ལན་འདེབས་གསལ་བཤད་གནང་ཕྱོགས་ཀྱི་ཐོག་ནས་མང་གཙོ་ཟེར་བ་དེ་ཕྱི་གསལ་ནང་གསལ་དང་། མི་ཚང་མར་རང་དབང་དང་ཐོབ་ཐང་ཤུགས་ཆེན་པོ་ཡོད་པ་སོགས་མང་གཙོའི་འགྲོ་ལུགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཡིད་དབང་འཕྲོག་ཡོད།
རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་ལ། བོད་ཀྱི་གནའ་སྔ་མོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་སྐུ་དྲག་དང་། ཁྱིམ་རྒྱུད་རིང་ལུགས་ལྟ་བུ་ཡིན་སྟབས། དེར་འགྱུར་བཅོས་དགོས་པ་གཟིགས་ནས་ཐོག་མར་ལེགས་བཅོས་ཚོགས་ཆུང་ཞེས་པ་བཙུགས་པ་དང་། དེ་བཞིན་སྤྱི་ཚོགས་ནང་འདྲ་མཉམ་ཡོང་ཐབས་སུ་གྱོད་ཞིབ་ཚོགས་ཆུང་ཞེས་ཟུར་དུ་བཙུགས། སྔོན་མའི་བོད་གཞུང་གི་འགྲོ་ལུགས་ལ་ཡར་རྒྱས་ཐོག་དེང་དུས་དང་མཐུན་པ་ཡོང་ཐབས་སུ་འགྱུར་བཅོས་གནང་རྒྱུའི་དགོངས་པ་བཞེས་ཡོད་ནའང་། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱེད་འགོ་འཛུགས་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་ཁྲིམས་འགལ་བཙན་བཟུང་བྱས་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་པ་བྱུང་བ་དང་། མགོན་པོ་གང་གི་ཞབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ཙམ་རྒྱ་གར་ལ་བཙལ་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་རེད།
རྒྱ་གར་ལ་ཞབས་སོར་འཁོད་རྗེས། ཐོག་མར་མ་སུ་རིར་བཞུགས་པའི་སྐབས་ནས་བོད་གཞུང་གི་གཞུང་ཞབས་རྙིང་པ་རྣམས་བསྐོངས་ཏེ། བོད་གཞུང་གི་ཆབ་སྲིད་ཀྱི་འགྲོ་སྟངས་དེ་ཆོས་སྲིད་གཉིས་ལྡན་གྱི་མང་གཙོའི་གཞུང་ཞིག་དགོས་ཀྱི་ཡོད་པ་དང་། དེའི་ཐོག་ཚང་མས་དགོངས་པ་བཞེས་དགོས་པའི་བཀའ་སློབ་ཕེབས་ཡོད་པ་དང་། ཁོང་རྣམ་པས་གོ་བསྡུར་གནང་རྗེས། དེའི་གྲུབ་དོན་སྙན་ཐོ་ཡར་ཕུལ་ཏེ་སྙན་སེང་ཞུས་ཡོད་པ་རེད། མ་སུ་རིར་བཞུགས་པའི་སྐབས། ཕྱི་སྲིད་ལས་ཁུངས་དང་། ནང་སྲིད་ལས་ཁུངས། དཔལ་འབྱོར་འདུ་འགོད་ལས་ཁུངས། ཆོས་དོན་ལས་ཁུངས། ལྡི་ལི་དོན་གཅོད་ཁང་བཅས་དབུས་ལས་ཁུངས་བཞི་དང་། དོན་གཅོད་གཅིག་བཅས་ལས་ཁུངས་ལྔ་གསར་འཛུགས་ཀྱིས་འགན་ཁུར་ལས་བྱེད་བསྐོ་གཞག་བྱས། ཕྱི་ལོ་ ༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་གནད་ཡོད་མི་སྣ་རྣམས་འཛོམས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་སྦྲགས། ༸གོང་ས་མཆོག་གིས་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་ཡོད་པ་རེད། ང་ཚོ་སྔོན་མའི་ཉམས་མྱོང་ལ་བལྟས་པ་ཡིན་ན། གཅིག་སྒྲིལ་གྱི་རྣམ་པ་མེད་པའི་ཐོག་ནས་བོད་ས་ཤོར་བ་དང་། མ་འོངས་པར་༸གོང་ས་མཆོག་གི་བཀའ་གསུང་ལྟར་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་དམ་བཅའ་ཕུལ་བ་དང་། སྐབས་དེར་༸གོང་ས་མཆོག་གིས་ད་ནས་བཟུང་བོད་གཞུང་འདི་ཉིད་ཆོས་སྲིད་ཟུང་འབྲེལ་གྱི་མང་གཙོའི་གཞུང་ཚད་ལྡན་ཞིག་དགོས་ཀྱི་ཡོད་པས། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་རེ་དྲག་འདེམས་བྱས་ནས་ཡར་གཏོང་ཤོག་ཅེས་བཀའ་སློབ་བཀའ་དྲིན་སྩལ་བ་བཞིན་ལོ་དེའི་ཟླ་བ་ ༩ ཚེས་ ༢ ཉིན་སྤྱི་འཐུས་གྲངས་ ༡༣ ཀྱིས་དམ་འབུལ་ཞུས་གནང་ཡོད་པ་དང་། སྤྱི་འཐུས་སྐབས་དང་པོས་དམ་འབུལ་ཞུས་པའི་ཉིན་མོར་ཕྱིས་སུ་བཙན་བྱོལ་བོད་མིའི་མང་གཙོའི་ཉིན་མོར་ངོས་འཛིན་གྱིས་ལོ་ལྟར་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད།
འབྲུག་གཙོས་པའི་རྒྱལ་ཁབ་གཞན་ཁག་ཅིག་དང་བསྡུར་བ་ཡིན་ན། ང་ཚོའི་མང་གཙོ་ནི་རྒན་པ་འདྲ་པོ་དང་། ད་བར་དབུ་བརྙེས་ནས་ལོ་ ༦༥ འགྲོ་ཡི་ཡོད་པ། མང་གཙོའི་ལམ་ལུགས་ཐོག་ཉམས་མྱོང་དང་། ཡར་རྒྱས་ཀྱང་གང་ལ་གང་འཚམ་ཤུགས་ཆེ་བ་ཆགས་བསྡད་ཡོད་རེད། དེ་ཡང་ཐོག་མར་སྐབས་དང་པོའི་སྤྱི་འཐུས་རྣམ་པ་ལས་ཁུངས་སོ་སོར་བགོ་བཤའ་བརྒྱབ་ནས་ཕྱག་ལས་གནང་གི་ཡོད་པ་དང་། སྤྱི་འཐུས་ལྷན་འཛོམས་གནང་དགོས་ཡོད་ཚེ་ཤིང་སྡོང་གི་གྲིབ་བསིལ་འོག་ཏུ་བཞུགས་ནས་གོ་བསྡུར་སྦྱངས་བཤད་དང་། ཡིག་སྣོད་ཡང་དམིགས་བསལ་མེད་པར་ལྕགས་སྒམ་ནང་ལ་ཡིག་ཆ་ཉར་ཚགས་དང་། གཙོ་སྐྱོང་གནང་མཁན་ཡང་ཚོགས་གཙོ་ཚོགས་གཞོན་ཟེར་བ་མེད་པར་སྤྱི་འཐུས་རྣམ་པ་རིམ་པས་གནང་གི་འདུག སྐབས་གཉིས་པ་ནས་བཟུང་ཚོགས་གཙོ་ཚོགས་གཞོན་བསྐོ་གཞག་བྱ་རྒྱུ་འགོ་འཛུགས་པ་དང་། སྤྱི་འཐུས་ཀྱི་གྲངས་འབོར་སྤར་བ་རེད། ཆོལ་ཁ་གསུམ་སོ་སོའི་ནང་བུད་མེད་ཀྱི་སྤྱི་འཐུས་རེ་རེ་ཟུར་བཅད་འཕར་སྣོན་གྱིས་སྤྱི་འཐུས་ཀྱི་རྩ་འབོར་གྲངས་ ༡༧ དུ་ཆགས་ཡོད་རེད། སྐབས་གསུམ་པ་ནས་ལས་ཁུངས་ཟུར་དུ་བཙུགས་པ། སྐབས་ལྔ་པའི་སྐབས་རྒྱ་གར་གྱི་འོས་བསྡུའི་སྒྲིག་གཞིར་དཔེ་བལྟས་ནས་འོས་བསྡུའི་སྒྲིག་གཞི་འཆར་ཟིན་དང་། སྐབས་དྲུག་པ་ནས་བཟུང་བོན་པོའི་ཆོས་བརྒྱུད་སྤྱི་འཐུས་སླེབས་པ། སྐབས་དང་པོ་ནས་བདུན་པ་བར་སྤྱི་འཐུས་ཀྱི་དུས་ཡུན་དེ་ལོ་གསུམ་དང་། སྐབས་བརྒྱད་པ་ནས་བཟུང་སྟེ་ད་བར་ལོ་ལྔ་རེའི་མཚམས་ལ་འགྱུར་བ་འགྲོ་ཡི་ཡོད་པ། སྐབས་བཅུ་པའི་སྔོན་ལ་ད་ལྟ་ནང་བཞིན་གྲོས་ཚོགས་འཚོགས་རྒྱུའི་ལམ་སྲོལ་མེད་ཅིང་། ལས་བསྡོམས་ཚོགས་ཆེན་དང་། ཆེས་མཐོའི་རྒྱུན་ལས་ཞེས་ཚོགས་ཀྱི་ཡོད་པ། ཆེས་མཐོའི་རྒྱུན་ལས་ཚོགས་ཆེན་ནང་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྣམ་པ། དྲུང་ཆེ་དང་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ་ཚོགས་ཞུགས་ཀྱིས་ཐག་གཅོད་གནང་སྒོ་ཁག་གནང་སྟེ་༧གོང་ས་མཆོག་ལ་ཡར་སྙན་སེང་དང་། ༧གོང་ས་མཆོག་གིས་ཆོག་མཆན་བསྩལ་བའི་ཉིན་མོ་ནས་བཟུང་སྟེ་ཕྱག་བསྟར་གནང་དགོས་པ་ཆགས་ཀྱི་ཡོད། སྐབས་བཅུ་པའི་སྐབས་སུ། ༸གོང་ས་མཆོག་གིས་རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་བཙུགས་པ་དང་། དེ་དང་མཉམ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཀྱི་འགན་དབང་བསྐུར། སྤྱི་འཐུས་སྐབས་ ༡༡ པའི་གྲོས་ཚོགས་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་། སྤྱི་འཐུས་ཀྱི་གྲུབ་ཆའི་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་འཐུས་མི་ ༢ རེ་དང་། ཆོལ་ཁ་རེ་ནས་འཐུས་མི་ ༡༠ རེ། དེའི་ནང་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དུ་སླེབས་དགོས་པ། ཐད་བསྐོས་སྤྱི་འཐུས་ ༡ ནས་ ༣ བར། བྱང་ཨ་རི་ནས་སྤྱི་འཐུས་ ༡ དང་། ཡུ་རོབ་ནས་སྤྱི་འཐུས་ ༢ རེ་ཁྱོན་སྤྱི་འཐུས་གྲངས་འབོར་ ༤༦ ལ་སྤར་གནང་བ་དང་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེ་བཞིན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་གནང་མཛད། དེ་དང་མཉམ་དུ་འཛིན་སྐྱོང་ལ་སྟངས་འཛིན་བྱ་རྒྱུའི་ཕྱག་ལས་གནང་གི་ཡོད།
ཕྱི་ལོ་ ༡༩༩༢ ལོར་ཁྲིམས་ལུགས་དབང་འཛིན་དབུ་འཛུགས་པ་དང་། ད་ལྟའི་ཆར་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། ས་གནས་ཁྲིམས་ཞིབ་ཁང་ཡོད་པ་སོགས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་གསུམ་ཇི་ལྟར་དབུ་བརྙེས་ཚུལ་དང་། ད་ལྟའི་ཆར་མང་གཙོའི་ཀ་བ་གསུམ་སྟེ། འཛིན་སྐྱོང་དང་། ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ལུགས་དབང་འཛིན་བཅས་བྱུང་བ་དང་། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་གསུམ་སྟེ། འོས་བསྡུ་ལས་ཁང་དང་། འདེམས་བསྐོ་ལྷན་ཁང་། རྩིས་ཞིབ་ལས་ཁང་བཅས་མང་གཙོའི་མཚན་ཉིད་ཚང་བའི་ཐོག་ལག་བསྟར་བྱེད་བཞིན་ཡོད་པའི་སྐོར་དང་། ཕྱི་ལོ་ ༢༠༠༡ ནས་བཟུང་སྟེ་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་རྒྱུའི་སྲོལ་གཏོད་པ་དང་། ཕྱག་རོགས་བཀའ་བློན་རྣམ་པ་བཀའ་བློན་ཁྲི་པས་གྲོས་ཚོགས་སུ་བསྣམས་ཏེ་གྲོས་ཚོགས་ནས་འོས་འདེམས་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་འོག མང་གཙོའི་བཅོས་བསྒྱུར་གང་དང་གང་ཕྱིན་པའི་སྐོར་ལ་གསུངས།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས་ཐོག་ལ་གསུང་དོན། ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་རེ་ནས་སྤྱི་འཐུས་ ༢ རེ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ། ལྷོ་བྱང་ཨ་རི་ནས་སྤྱི་འཐུས་ ༢ དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་ ༢། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་གྲངས་འབོར་ཁྱོན་ ༤༥ ཡོད་པ་རེད། ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་རེ་དང་། དེ་ཡང་ཕྱི་ཟླ་གསུམ་པའི་ནང་སྔོན་རྩིས་གྲོས་ཚོགས་དང་། དེའི་སྐབས་བོད་མིའི་སྒྲིག་འཛུགས་དབུས་ས་གཉིས་ཀྱི་ལོ་གཅིག་གི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་དང་། ཕྱི་ཟླ་དགུ་པའི་ནང་ལོ་འཁོར་ལས་བསྡོམས་དང་སྤྱིར་བཏང་གྲོས་ཚོགས། དེའི་སྐབས་འདས་པའི་ཟླ་བ་དྲུག་གི་ནང་འཛིན་སྐྱོང་ནས་ལས་དོན་གང་སྤེལ་བའི་ཐོག་སྤྱི་འཐུས་རྣམ་པས་དྲི་བ་དང་། བགྲོ་གླེང་གནང་རྒྱུ་ཆགས་བསྡད་ཡོད་རེད། དེ་ལས་གཞན་པའི་གྲོས་ཚོགས་ཐོག་ཁྲིམས་བཟོའི་ལས་དོན་དང་། གྲོས་ཆོད་གྲོས་འཆར་གཏན་འབེབས་སོགས་ཀྱི་ལས་རིམ་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་ནང་མཉམ་དུ་སླེབས་ཀྱི་ཡོད་པ་རེད། སྲིད་དོན་ཚོགས་པ་མེད་པའི་ལམ་ལུགས་ཤིག་ཡིན་པའི་ཆ་ནས། སྤྱི་འཐུས་རྣམ་པས་ཕྱོགས་གཉིས་ཀྱི་ཐོག་ནས་དགོངས་པ་བཞེས་དགོས་པ་དང་། དེ་ཡང་འཛིན་སྐྱོང་བཀའ་ཤག་གི་ལས་དོན་གཟེངས་སུ་ཐོན་པ་རྣམས་ལ་བསྔགས་བརྗོད་དང་། ལམ་སྟོན་འབུལ་རྒྱུ་དང་། འཛིན་སྐྱོང་གི་ལས་དོན་དྲང་པོ་མ་བྱུང་བ་དང་། ཡག་པོ་མ་བྱུང་བ་ཡིན་ན་འདྲི་རྩད་གནང་རྒྱུའི་རྣམ་པ་ཡོང་ཆོག་གི་ཡོད་པ་སོགས་གསུངས།
གཞན་ཡང་མང་གཙོའི་ལམ་ལུགས་སྐོར་ལ་གསུང་དོན། མང་གཙོའི་ལམ་ལུགས་ལ་ཨ་རི་དང་། ཕ་རན་སི་ལྟ་བུ་སྲིད་འཛིན་ལམ་ལུགས་དང་། དེའི་ལམ་ལུགས་ལ་སྲིད་འཛིན་གྱིས་གྲོས་ཚོགས་ལ་ཐད་ཀར་ལ་འགན་ཁུར་བཞེས་མི་དགོས་པ་དང་། ཨིན་ཇི་དང་། རྒྱ་གར་སོགས་ཀྱི་མང་གཙོའི་འགྲོ་སྟངས་ལྟ་བུ་གྲོས་ཚོགས་ལམ་ལུགས་ལ། སྲིད་བློན་གྲོས་ཚོགས་སུ་ཕེབས་ནས་འགན་ཁུར་ལན་འདེབས་གནང་དགོས་པ། ང་ཚོར་ལམ་ལུགས་དེ་གཉིིས་ཀའི་ལེགས་ཆ་བླངས་ཡོད་པ། སྲིད་འཛིན་གྱི་ལམ་ལུགས་ལྟར། སྲིད་སྐྱོང་མི་མང་གིས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་པ་དང་། ལས་དོན་བྱེད་ཕྱོགས་མང་ཆེ་བ་དེ་གྲོས་ཚོགས་ཀྱི་ལམ་ལུགས་ཤུགས་ཆེ་བ་འདྲ་པོ། བཀའ་བློན་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། རང་དབང་ཅན་གྱི་འགན་འཛིན་རྣམ་པ་གྲོས་ཚོགས་ནས་འོས་འདེམས་བྱེད་དགོས་པ་སོགས་ཆབ་སྲིད་ཀྱི་ཐག་གཅོད་མང་ཆེ་བ་གྲོས་ཚོགས་ལ་འགན་བསྐུར་ཡོད་པ་སོགས་གྲོས་ཚོགས་དབུས་སུ་བཞག་པའི་མང་གཙོའི་འགྲོ་ལུགས་ཡིན་པ། དེ་བཞིན་མང་གཙོའི་མཚན་ཉིད་དང་། འབྱུང་རིམ། ཁྱད་ཆོས་སོགས་ཀྱི་ཐོག་ཞིབ་ཕྲ་འགྲེལ་བརྗོད་དང་། ཚོགས་བཅར་བ་སློབ་ཕྲུག་རྣམས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་བཅས། །