༄༅། །ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གོ་སྒྲིག་འོག་བོད་ཀྱི་བདུན་ཕྲག་ཅེས་པ་ཚོགས་པ་དང་། མཛད་རིམ་དེའི་བརྒྱུད་ནས་བོད་ཀྱི་འགྲེམས་སྟོན་ཚན་པར་འགྲེམས་སྟོན་གྱི་གོ་སྐབས་བྱུང་ཡོད། མ་ཟད་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུའང་བོད་དོན་སྐོར་དྲིལ་བསྒྲགས་གནང་ཐུབ་པ་བྱུང་ཡོད་ལ། དེ་བཞིན་སྦེང་ལོར་བོད་ཁྱིམ་སྡོད་ཁང་དང་། དཱ་ཡ་ནཱན་དཱ་ས་གཱར་གཙུག་ལག་སློབ་གཉེར་ཁང་བཅས་ལའང་འགྲེམས་སྟོན་གྱི་གོ་སྐབས་བཟང་པོ་བྱུང་ནས་གྲུབ་འབྲས་ལེགས་པོ་ཞིག་ཡོང་རྒྱུའི་རེ་བ་བྱས་པ་ནང་བཞིན་གྱི་ལམ་ལྷོངས་བྱུང་ཡོད།
བོད་ཀྱི་འགྲེམས་སྟོན་ཚན་པས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་འགྲེམས་སྟོན་གནང་སའི་ས་ཆར་རྟོག་ཞིབ་དང་སྦྲགས་འགྲེམས་སྟོན་གོ་སྒྲིག་ཞུས་ཡོད་པ་དང་། དེ་ཡང་བརྗོད་གཞི་ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་བྱས་པ་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་མཛད་པ། འཕགས་བོད་འབྲེལ་ལམ་ཞེས་པའི་ཐོག་འགྲེམས་སྟོན་གནང་ཡོད། འགྲེམས་སྟོན་དེ་ཉིད་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་གཙུག་ལག་སློབ་དཔོན་ (C.S. Karigar) ལགས་ཀྱིས་དབུ་འབྱེད་གནང་བ་དང་། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་གནང་སྟངས་གནང་ལུགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད་མདོར་བསྡུས་བཅས་ཀྱི་དངོས་བྱུང་གློག་བརྙན་ཡང་བསྟན་ཡོད། འགྲེམས་སྟོན་འདི་ཉིད་ཀྱི་ཁྱབ་ཚད་སློབ་མ་གྲངས་ ༡༥༠ དང་ལས་བྱེད་གྲངས་ ༣༠ ས་རཱ་དང་ཝཱ་ཎ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་བསྡོམས་པའི་ཉམས་ཞིབ་པ་གྲངས་ ༢༥ བཅས་ལ་འགྲེམས་སྟོན་གནང་ཐུབ་ཡོད།
དེ་ནས་སྦེར་ལོར་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ཉིན་བཞིའི་རིང་ལ་བོད་ཀྱི་འགྲེམས་སྟོན་ཚན་པས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་མཛད་པ་དང་འཕགས་བོད་འབྲེལ་ལམ། བོད་ཀྱི་ཤོག་དངུལ་དང་ཊམ་ཀ ཕྱི་ལོ་ ༡༩༣༤ ལོའི་ (The National Geographic Magazine)
ཞེས་པའི་བརྙན་དེབ་ནང་དུ་བཀོད་པའི་བོད་ཀྱི་རྒྱལ་དར་བཅས་བརྗོད་གཞིའི་ཐོག་འགྲེམས་སྟོན་གནང་། དེ་ཡང་མགྲོན་གྱི་གཙོ་བོ་སྐུ་ཞབས་ཇཱ་ཡ་ཀ་ར་ (Dr. Jayakara S.M., Vice Chancellor of Bangalore University) ལགས་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་ཡོད། དམིགས་བསལ་སྐུ་མགྲོན་དུ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་སྐུ་ཞབས་ལ་ཐིཧྤ་ (Shree Latheef, K.A.S, Registrar,BUB) ལགས། སློབ་དཔོན་ཤི་རི་ནི་ཝཱས་ (Prof. Srinivas C, Registrar (Evaluation),BUB) ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་འབུམ་རམས་པ་བསྟན་འཛིན་པ་སངས་ལགས་ལྷན་བཅར་ཞུས་ཡོད། ད་དུང་འགྲེམས་སྟོན་ཙམ་མིན་པར་སྲོལ་རྒྱུན་བོད་པའི་རིག་གཞུང་ཕྱུག་པོ་དེ་ཉིད་ངོམ་སྟོན་ཆེད་རྒྱུད་སྨད་གྲྭ་ཚང་གི་དཀྱིལ་འཁོར་བཞེངས་པ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་སྨན་བཅོས་ལྟ་སྐྱོང་དང་རྩིས་སྐོར་ཡོད་མ་ཟད། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་རང་ནས་བོད་ཟས་ངོ་སྤྲོད་གནང་ཡོད།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་འགྲེམས་སྟོན་སྒྲིག་གཤོམས་གནང་ནས་དམིགས་སུ་བཀར་ཏེ་བོད་ཀྱི་བདུན་ཕྲག་གི་ཉིན་མཐའ་མར་སྟབས་བསྟུན་ནས་མཇུག་སྡོམ་མཛད་སྒོ་བསྒྲུབས་པ་དང་དངོས་བྱུང་གློག་བརྙན་ (Mission of Joy) བསྟན་ཡོད། སྦེང་ལོར་བོད་ཁྱིམ་སྡོད་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༥ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་མཐོ་སློབ་སྒྲིམ་མཁན་རྣམས་དང་མི་མང་མང་པོ་འཛོམས་ཀྱི་ཡོད་པ་དེ་ཚོའི་ཆེད་འགྲེམས་སྟོན་གོ་སྒྲིག་ཞུས་ཡོད།
དེ་ནས་དཱ་ཡ་ནཱན་དཱ་ས་གཱར་གཙུག་ལག་སློབ་གཉེར་ཁང་དུ་འགྲེམས་སྟོན་གནང་ཡོད་ལ་། མགྲོན་གྱི་གཙོ་བོ་ (Mrs.Supriya Mathew, Vice President of International Affairs) ལགས་ཀྱི་འགྲེམས་སྟོན་དབུ་འབྱེད་གནང་། དམིགས་བསལ་སྐུ་མགྲོན་(Dr.Amit R Bhatt, Honorable Vice Chancellor of Dayananda Sagar University)་ལགས་དང་སྦེང་ལོར་ཤེས་ཡོན་ཚན་པ་འདྲ་མིན་གྱི་འགན་འཛིན་ཡང་ཕེབས་ནས་འདི་ལྟ་བུའི་འགྲེམས་སྟོན་མང་ཙམ་མཐོ་སློབ་ཁག་ལ་གནང་ན་ཡག་པོ་ཡོད་པར་བརྗོད་ཡོད། མཐོ་སློབ་དེར་ཁྱོན་མི་གྲངས་ ༥༠༠༠ ལྷག་ཙམ་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད་པ་མ་ཟད།
བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ནས་བོད་སྤྱི་དང་། བྱེ་བྲག་ཏུ་འགྲེམས་སྟོན་གྱི་གལ་གནས་སྐོར་གཏམ་བཤད་དང་བོད་ཀྱི་ཤོག་དངུལ་དང་ཊམ་ཀ་འགྲེམས་སྟོན་ཙམ་མིན་པར། ཕྱི་ལོ་ ༡༩༣༤ ལོའི་ (The National Geographic Magazine) གྱི་བརྙན་དེབ་ནང་དུ་བཀོད་པའི་བོད་ཀྱི་རྒྱལ་དར་ཡང་བསྟན་ནས་བོད་དང་རྒྱ་གཉིས་སོ་སོ་བ་ཡིན་པའི་ར་སྤྲོད་བྱེད་རྒྱུ་བྱུང་ཡོད་པ་དང་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ངོས་འཛིན་བྱེད་སྟངས་ཀྱི་གློག་བརྙན་ཡང་བསྟན་རྒྱུ་བྱུང་ཡོད། །