༄༅། །བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་མགོ་ལོག་དཔོན་སྐོར་སྡེ་བའི་མཁན་པོ་བསྟན་པ་དར་རྒྱས་ལགས་ཚུད་པའི་སྡེ་མི་ཉི་ཤུ་ལྷག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། སྡེ་དཔོན་མགོན་པོ་རྣམ་རྒྱལ་ལགས་སུ་གློག་གི་ཡོ་ཆས་བཀོལ་ནས་ཉེས་རྡུང་ཚབས་ཆེན་བཏང་རྐྱེན་འདས་གྲོངས་སུ་གྱུར་ཡོད་འདུག
བླ་རུང་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གི་ཐུགས་བརྩེ་ཤིན་ཏུ་ཆེ་བའི་མགོ་ལོག་དར་ལག་རྫོང་དཔོན་སྐོར་སྡེ་བ་ནས་ཡིན་པའི་མཁན་པོ་བསྟན་པ་དར་རྒྱས་ལགས་ཀྱིས་སྣེ་ཁྲིད་པའི་བོད་ཀྱི་སྐད་ཡིག་གི་ཚོགས་པས་ཕ་སྐད་གཙང་མའི་ལས་འགུལ་རྒྱ་ཆེར་སྤེལ་གྱི་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གཞུང་གིས་མཁན་པོ་བསྟན་པ་དར་རྒྱས་ལགས་དང་། དཔོན་སྐོར་སྡེ་དཔོན་མགོན་པོ་རྣམ་རྒྱལ་ཚུད་པའི་སྡེ་མི་ཉི་ཤུ་ལྷག་མགོ་ལོག་དར་ལག་རྫོང་ནས་འཛིན་བཟུང་གིས་མགོ་ལོག་ཁུལ་ཐོག་ཏུ་བཙན་ཁྲིད་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སྡེ་དཔོན་མགོན་པོ་རྣམ་རྒྱལ་ལ་གློག་གི་ཡོ་ཆས་བཀོལ་ནས་ཉེས་རྡུང་ཡང་ཡང་བཏང་རྐྱེན། འདས་གྲོངས་སུ་གྱུར་ནས་ཁྲ་གླིང་དགོན་གྱི་དུར་ཁྲོད་དུ་ཕུང་པོ་མེ་བསྲེགས་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་ཁར། ད་ལྟ་བོད་ནང་གི་དད་ལྡན་མང་ཚོགས་རྣམས་ཀྱིས་མཁན་པོ་བསྟན་པ་དར་རྒྱས་ལགས་ཀྱི་སྐུ་གཟུགས་ཀྱི་གནས་བབ་ལ་སེམས་འཚབ་ཆེན་པོ་བྱེད་མུས་ཡིན་འདུག
བོད་ནང་གི་ཁུངས་ལྡན་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། མཁན་པོ་བསྟན་པ་དར་རྒྱས་མཆོག་ནི་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་ཐུགས་བརྩེ་ཤིན་ཏུ་ཆེ་བའི་མཁན་པོ་ཞིག་ཡིན་ཞིང་། འདས་པའི་ལོ་མང་རིང་ཁོང་གིས་སྣེ་ཁྲིད་པའི་སྐད་ཡིག་ཚོགས་པས་ཁུལ་དེར་ཕ་སྐད་གཙང་མའི་ལས་འགུལ་མང་པོ་སྤེལ་ནས་ཕན་ཐོགས་རྒྱ་ཆེར་བསྒྲུབས་ཡོད་པ་དང་། ལྷག་པར་མཁན་པོ་ཁོང་གིས་འབྲོག་པ་མང་ཚོགས་ལ་སྒོ་ཟོག་སེམས་ཅན་བཤས་རར་མི་གཏང་རྒྱུ་མཚོན་པའི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་ཀྱི་ཡོད་སྟབས། རྒྱ་ནག་གཞུང་གི་མིག་ལམ་དུ་གཏན་ནས་འགྲོ་ཡི་མེད་པས། འདི་ལོའི་ཕྱི་ཟླ་ ༥ ནང་མགོ་ལོག་དར་ལག་རྫོང་ཐོག་ཏུ་ཆེད་དུ་ཚོགས་འདུ་ཞིག་ལ་འབོད་འགུག་བགྱིས་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པས། ད་ལྟའང་མང་ཚོགས་རྣམས་ཀྱིས་མཁན་པོ་མཆོག་གི་སྐུ་གཟུགས་ཀྱི་གནས་བབ་ཤེས་རྟོགས་གང་ཡང་བྱུང་མེད་སྐོར་སོགས་བརྗོད་བྱུང་།
ཁོང་གིས་མུ་མཐུད་དུ། འདས་པའི་ཟླ་བདུན་ལྷག་གི་རིང་རྒྱ་ནག་གཞུང་གིས་མཁན་པོ་དང་། སྡེ་དཔོན་མགོན་པོ་རྣམ་རྒྱལ་ཚུད་པའི་སྡེ་མི་ཉི་ཤུ་ལྷག་མགོ་ལོག་ཁུལ་ཐོག་ཏུ་བཀག་ཉར་བྱེད་མུས་ཡིན་ཞིང་། སྡེ་དཔོན་མགོན་པོ་རྣམ་རྒྱལ་ལགས་ནད་པ་ཆགས་ནས་ནང་དུ་ཀློད་ཡོད་ཀྱང་། ཁོང་ཀློད་ནས་ཉིན་གྲངས་གསུམ་གྱི་རྗེས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་འདས་གྲོངས་སུ་གྱུར་ཡོད་ཅིང་། ཁོང་གི་ཕུང་པོར་སྤུར་ལས་བྱེད་སྐབས་རྒྱ་ནག་གཞུང་གིས་གློག་གི་ཡོ་ཆས་བཀོལ་ནས་ཉེས་རྡུང་བཏང་རྐྱེན་གཟུགས་པོའི་ནང་ཁྲོལ་མང་པོ་ཞིག་འཚིགས་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་སོགས་བརྗོད་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པས་ངུ་ངག་དང་ལྷན་དུ། མཁན་པོ་ཁོང་ནི་བསམ་གྱིས་མི་ཁྱབ་པའི་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་པས། ད་ལྟ་དད་ལྡན་མང་ཚོགས་རྣམས་ཀྱིས་ཁོང་གི་སྐུ་གཟུགས་ཀྱི་གནས་བབ་ཐད་ལ་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་མུས་ཡིན་པས། མང་ཚོགས་རྣམས་ཀྱིས་མཁན་པོ་ཁོང་གི་སྐུ་གཟུགས་གསལ་ཐང་དང་། གང་མགྱོགས་ཀློད་གྲོལ་ཡོང་སླད། རང་རང་ས་ནས་སྐུ་རིམ་གསོག་སྒྲུབ་དང་། དགེ་འདུན་པ་སོགས་སུ་སྐུ་རིམ་ཡང་ཡང་གསོག་སྒྲུབ་བྱེད་དུ་འཇུག་མུས་ཡིན་སྐོར་སོགས་བརྗོད་བྱུང་། །