༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཕྱི་མའི་ནང་མང་ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུའི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་། སྤྱི་འཐུས་པདྨ་མཚོ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༩ ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༠༤ བར་རྒྱ་གར་མངའ་སྡེ་མཱ་ཧཱ་རཱ་ཤི་ཊ་ (Maharashtra) དང་། མཱ་དེཡ་པར་དེ་ཤི། (Madhya Pradesh) ཆ་ཏི་སི་གྷར་ (Chhattisgarh) བཅས་ཀྱི་ནང་རྟེན་གཞི་བྱས་པའི་སྦན་ཌ་ར་ནོར་རྒྱས་གླིང་གཞིས་ཆགས་དང་། མན་སྤར་ཕན་བདེ་གླིང་གཞིས་ཆགས་གཉིས་དང་། དེ་གཉིས་ཀྱི་ཁྱབ་ཁོངས་སུད་ཚོང་ས་གནས་ཁག་བཅུ་གཅིག་ནང་མི་མང་ལ་གསུང་བཤད་དང་། ས་གནས་ཀྱི་གནད་ཡོད་མི་སྣར་མཇལ་འཕྲད་བཅས་ཀྱི་ལས་རིམ་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༠༠ ཡོལ་ཙམ་ལ་སྤྱི་འཐུས་རྣམ་གཉིས་རྒྱ་གར་རྒྱལ་ས་ལྡི་ལི་ནས་ནག་པུར་གནམ་ཐང་དུ་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་སྦན་རྡ་ར་ནོར་རྒྱས་གླིང་གཞིས་ལས་ཁང་གི་རྩིས་པ་ཡེ་ཤེས་ལགས་དང། ཁ་ལོ་བ་རིན་ཆེན་ལགས་རྣམ་གཉིས་ནས་གནམ་ཐང་དུ་ཕེབས་བསུ་ཞུས།
ཉིན་དེའི་ཕྱི་དྲོ་ཆུ་ཚོད་ ༤།༤༠ ཐོག་ནག་པུར་གྱི་བུད་མེད་མཐོ་སློབ་ཁང་དུ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (BTSM) ཡི་རྒྱུན་ལས་བོད་དོན་རྐང་འཁོར་སྐོར་སྐྱོད་པ་བསམ་གཏན་ཡེ་ཤེས་ལགས་ཀྱི་གཙོ་འགན་གོ་སྒྲིག་འོག ནག་པུར་ལ་རྟེན་གཞི་བྱས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibet Sahyog Movement) ཡི་རྒྱལ་ཡོངས་བློ་འདོན་པ་སྐུ་ཞབས་ཨ་ཤོག་ མན་ཌེ་ (Ashok Mendhe) ལགས་དང་། ཚོགས་པ་དེའི་མཱ་ཧ་རཱ་ཤི་ཌ་མངའ་སྡེའི་ཚོགས་གཙོ་སློབ་དཔོན་འབུམ་རམས་པ་ཝི་ཇེ་ ཀེ་ཝལ་ར་མ་ནི་ (Prof. Vijay Kewalramani) ལགས། རྒྱ་གར་ཚོགས་པ་ (Samta Sainik Dal) ཡི་རྒྱལ་ཡོངས་བཀོད་འདོམས་འགན་འཛིན་སྐུ་ཞབས་སུ་ནིལ་ ས་རི་པུ་ཊ་ (Sunil Sariputta) ལགས་སོགས་སྣེ་འཁྲིད་པ་རྒན་གྲས་དང་ཚོགས་མི། དེ་བཞིན་མཐོ་སློབ་དེའི་སློབ་སྤྱི་དང་དགེ་རྒན་སོགས་མི་གྲངས་ ༥༠ ཙམ་འདུ་འཛོམས་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་བོད་མིར་གདུང་སེམས་མཉམ་སྐྱེད་དང་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག བོད་མི་ཚོས་དུས་རབས་མང་པོར་རྒྱ་གར་གྱི་གནའ་བོའི་ཤེས་རིག་གི་སྙིང་བཅུད་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་འཛིན་སྐྱོང་སྤེལ་གསུམ་བསྔགས་འོས་སུ་གྱུར་བ་གནང་ཡོད་ཀྱང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག བོད་མིའི་ངོ་བོ་དང་བཅས་པ་རྩ་མེད་དུ་གཏོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མང་པོས་ཚོགས་འདུའི་ནང་ཆ་ཤས་བླངས་ཏེ་རྒྱ་གར་དང་བོད་གཉིས་དབར་སྤུན་མཆེད་ཆེ་ཆུང་གཉིས་ལྟ་བུའི་མཛའ་འབྲེལ་ཡོད་པར་བརྟེན། རྒྱ་ནག་དམར་གཞུང་གིས་བོད་ལ་བཙན་གནོན་བྱས་ཏེ་དཀའ་ངལ་འཕྲད་སྐབས་རྒྱ་གར་གྱིས་སོ་སོའི་སྤུན་ཆུང་བར་རོགས་རམ་རྒྱབ་སྐྱོར་ངེས་པར་དུ་ཞུ་དགོས་པ་ཞིག་ཡིན་སྐོར་དང་། བོད་ལ་རང་དབང་ཐོབ་སྟེ་༧གོང་ས་མཆོག་དང་བོད་མི་རྣམས་རང་ཡུལ་དུ་མ་ལོག་བར་དུ་བོད་དོན་རྒྱབ་སྐྱོར་མཚམས་འཇོག་རྒྱུ་མིན་སྐོར་སོགས་གསུངས་འདུག
ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༠༠ ཙམ་ལ་ནག་པུར་སུད་ཚོང་བོད་མིའི་ཁྲོམ་རའི་ནང་དུ། སྤྱི་འཐུས་རྣམ་གཉིས་ནས་སུད་ཚོང་བ་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་གནང་བཞིན་པ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྲིད་བྱུས་ལེགས་ཤོས་ཤིག་ཏུ་གྱུར་ཡོད་པའི་སྐོར། དེ་བཞིན་བོད་ནང་ལ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐོག་རྒྱ་ནག་གཞུང་གིས་བཀག་སྡོམ་ཤུགས་ཆེར་བྱེད་བཞིན་ཡོད་སྟབས། རང་དབང་ལུང་པའི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ངེས་པར་དུ་སོ་སོའི་སྐད་ཡིག་རིག་གཞུང་དང་། ཡ་རབས་བཟང་སྤྱོད་རྣམས་རྒྱུན་སྐྱོང་གནང་གལ་ཆེ་བའི་སྐོར་སོགས་གསུང་བཤད་གནང་བ་དང་། མང་ཚོགས་ཀྱི་དོགས་འདྲི་ཁག་ལན་འདེབས་གསལ་བཤད་གནང་རྗེས། ཅན་ཌར་པུར་གྲོང་ཁྱེར་དུ་ཕེབས་ཐོན་གྱིས་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཙམ་ལ་ས་གནས་སུ་ཕེབས་འབྱོར་བྱུང་ཡོད་པ་བཅས། །