༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༩ ཉིན་ཉི་འོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཞིང་། མང་མོས་ཐོག་ལྕམ་སྐུ་ཡ་མ་ཏ་ནི་ཨེ་རི་ཀོ་ (Ms. Yamatani Eriko) ལགས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་། སྐུ་ཞབས་ཡ་མ་དྷ་ཧི་རོ་ཤི་ (Mr. Yamada Hiroshi) ལགས་དྲུང་ཆེ་བཅས་བསྐོ་བཞག་གནང་ཡོད།
དེ་ཡང་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷན་ (Shimomura Hakubun) ལགས་ཀྱིས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་གནས་སྟངས་ཐོག་ཐུགས་སྣང་ཆེན་པོ་གནང་མཁན་ལྕམ་སྐུ་ཡ་མ་ཏ་ནི་ཨེ་རི་ཀོ་ལགས་ལ་ལས་འགན་རྩིས་སྤྲོད་གནང་བ་དང་ཆབས་ཅིག སྐུ་ཞབས་ཡ་མ་དྷ་ཧི་རོ་ཤི་ལགས་དྲུང་ཆེ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི་དང་། མ་འོངས་བོད་དོན་གོ་རྟོགས་སྤེལ་གནང་རྒྱུའི་ཐུགས་རེ་ཆེན་པོ་ཡོད་པ་གསུངས།
དེ་རྗེས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གསར་པ་ལྕམ་ཡ་མ་ཏ་ནི་ཨེ་རི་ཀོ་ (Yamatani Eriko) ལགས་ཀྱིས་ཚོགས་ཆུང་ངོས་ནས་ཁོ་མོར་ཡིད་ཆེད་བློ་གཏད་ཀྱིས་འགན་འཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ཀྱི་ཐབས་རྩོད་ཐོག་ཞབས་འདེགས་གང་ཐུབ་ཞུ་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད། ཁོང་མོས་ཕྱི་ལོ་ ༢༠༡༡ ལོར་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཁ་ཞུས་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༦ ལོར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐོག་མར་གསར་འཛུགས་གནང་བ་ནས་བཟུང་ཚོགས་མིའི་ཁོངས་སུ་ཡོད་སྐོར་བཅས་འགྲེལ་བརྗོད་གནང་།དེ་མཚུངས་དྲུང་ཆེ་གསར་པ་སྐུ་ཞབས་ཡ་མ་དྷ་ཧི་རོ་ཤི་ (Yamada Hiroshi) ལགས་ཀྱིས་ཚོགས་མི་རྣམས་ལ་འཚམས་འདྲི་ཞུས་ཤིང་། བོད་མི་དང་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་མཉམ་རུབ་ཀྱིས་བོད་མི་ཚོར་དྲང་བདེན་དང་། རང་དབང་སྤྲོད་ཐབས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད།
དེ་རྗེས་ཉི་འོང་གི་ (Japan Institute for National Fundamentals) ཞེས་པའི་བསྟི་གནས་ཁང་གི་ལྕམ་སྐུ་ས་རའི་ཡོ་ཤི་ཀོ་ (Sakurai Yoshiko) ལགས་ཀྱིས་བོད་ཀྱི་ཐབས་རྩོད་ཀྱི་གལ་གནད་དང་། བོད་མི་ཚོས་ཆོས་དང་རིག་གཞུང་ཉམས་ལེན་བྱེད་ཆོག་པའི་རང་དབང་ཡོད་པ་ནན་བརྗོད་གནང་བ་མ་ཟད། རྒྱ་ནག་གཞུང་གིས་བོད་རིགས་དང་མི་རིགས་གཞན་རྣམས་རང་གི་སྐད་དང་རིག་གཞུང་ལོངས་སུ་སྤྱོད་པར་དམ་བསྒྲགས་བྱེད་བཞིན་ཡོད་པ་གསལ་སྟོན་གནང་།
དེ་ནས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཚོགས་ཆུང་དེ་ལྟ་བུ་ཚོགས་པ་དང་། ཁོང་ལ་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཤི་མོ་མུ་ར་ཧ་ཀུ་བྷན་ལགས་དང་། དྲུང་ཆེ་ཟུར་པ་སྐུ་ཞབས་ཨི་ཤི་ཀ་ཝ་ཨ་ཀི་མ་ས་ལགས་རྣམ་གཉིས་ལ་ཐུགས་རྗེ་ལེགས་འབུལ་དང་། ཚོགས་གཙོ་གསར་པ་ལྕམ་སྐུ་ཡ་མ་ཏ་ནི་ཨེ་རི་ཀོ་ལགས་དང་། དྲུང་ཆེ་གསར་པ་སྐུ་ཞབས་ཡ་མ་དྷ་ཧི་རོ་ཤི་ལགས་རྣམ་གཉིས་སུ་མཇལ་དར་དང་བཅས་འཚམས་འདྲི་ཞུས་ཡོད། དེ་བཞིན་ཁོང་གིས་མ་འོངས་ལས་འཆར་དང་། གནད་དོན་འགའ་ཤས་ཐོག་ཚོགས་ཆུང་ལ་ངོ་སྤྲོད་གནང་སྟེ་ཚོགས་ཆུང་ངོས་ནས་དེའི་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད།
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱི་གྲོས་ཚོགས་ཚོགས་ཆུང་གི་འགན་འཛིན་ཁྲིམས་བཟོ་བ་སྐུ་ཞབས་ཕུ་རུ་ཡ་ཀེ་ཇི་ (Furuya Keiji) ལགས་ཀྱིས་ཚོགས་ཆུང་གཞན་རྣམས་ཀྱི་ཚོགས་མི་ནས་ཀྱང་དེར་མཉམ་ཞུགས་གནང་སྟེ་གནས་ཚུལ་བརྗེ་ལེན་གནང་དགོས་གལ་ཡིན་པ་གསུངས།
མཐར་སྐུ་ཞབས་ཝ་ཏ་ན་བྷི་ཤུ་ (Watanabe Shu) ལགས་ཀྱིས་ཚོགས་འདུར་ཕེབས་པའི་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ང་ཚོས་འཛམ་གླིང་ནང་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་འགོག་ཐབས་སུ་མཉམ་རུབ་ཀྱི་ནུས་པ་སྤུངས་དགོས་ཞེས་གསུངས། སྐབས་དེར་སྐུ་ཞབས་ཨུ་ར་ནོ་ཡ་སུ་ཏོ་ (Urano Yasuto) ལགས་དང་། སྐུ་ཞབས་ཏོ་རུ་ཨ་ཛུ་མ (Toru Azuma) ལགས། ཉི་འོང་གི་གསར་གཏོད་ཚོགས་པའི་ལྕམ་མི་ཀི་ཀཱི་ (Miki Kee) ལགས་བཅས་ཕེབས་ཞུགས་གནང་ཡོད། །