༄༅། །རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕ་མ་འདས་པོ་རྭ་ཆུང་ཀུ་ཡེ་དང་། མ་ནོར་པོ་གཉིས་ཀྱི་བུ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཆུང་ངུའི་དུས་ནས་ཆོས་སྡེ་ཆེན་པོ་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་སྦྱོར་དགེ་ཨ་ཁུ་ཆོས་འཛིན་དང་ཨ་ཁུ་བློ་ཡེ་ (རྭ་ཁོའི་བློ་བཟང་བསོད་ནམས།) དགེ་བཤེས་བློ་བཟང་བཀྲ་ཤིས་སོགས་ཚུལ་བཞིན་དུ་བསྟེན་ནས་བསླབ་པ་སློབ་གཉེར་ལ་གཞོལ་ཏེ་དགོན་པའི་འདོན་ཆོས་སྤྱོད་ཀྱི་རིགས་བློ་འཛིན་དང་། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། རྣམ་འགྲེལ་རྩ་བ། དྲང་ངེས་ལེགས་བཤད་སྙིང་པོ། འགྲེལ་པ་དོན་གསལ། པཎ་ཆེན་ཕར་ཕྱིན་སྤྱི་དོན་སྐབས་དང་པོ་སོགས་བློ་འཛིན་གྱིས་དགོན་པའི་ཚོགས་འདུ་ལས་སྣེའི་མདུན་རྒྱུགས་སྤྲོད་དང་། གཞུང་ཆེན་བཀའ་པོད་ལྔ་གར་འཆད་ཉན་གྱིས་སྦྱངས་པ་མཐར་ཕྱིན་གནང་བར་མ་ཟད། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་གཞིས་ཀྱི་ཀིརྟི་དགོན་ཁག་རྣམས་ཀྱི་འཆད་ཉན་སློབ་གཉེར་གཅིག་གྱུར་མཛད་སྟངས་ཀྱི་ལམ་སྟོན་བཅའ་ཡིག་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་སྩལ་བའི་དགོངས་དོན་བཞིན། ཕྱི་ལོ་ ༢༠༡༧ ནས་དགེ་བཤེས་རྒྱུགས་སྤྲོད་ལ་ཞུགས་ཏེ་དགེ་བཤེས་དཀའ་བཅུ་པའི་མཚན་བཏགས་གྲྭ་སྐོར་དམ་བཅའ་ཀིརྟི་དགོན་ཁག་ལ་འགྲོ་བཞིན་པའི་སྐབས་ཏེ། ཕྱི་ལོ་ ༢༠༢༡ ཟླ་བ་ ༤ ཚེས་ ༡ ཉིན་གྱི་མཚན་མོར་རྔ་ཡུལ་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་ཉེན་རྟོག་པས་བཟུང་ནས་ཡུན་རིང་གང་དུ་ཡོད་མེད་རྩད་གཅོད་བྱེད་ཐུབ་མི་འདུག
ཟླ་ཤས་རྗེས་བདེ་འཚམ་ངང་ཡོད་པ་ཙམ་ཤེས་རྟོགས་བྱུང་བ་ལས་དེའི་བར་ཐེངས་གཅིག་ཀྱང་ངོ་ཐུག་བྱེད་དུ་བཅུག་མི་འདུག འོན་ཀྱང་ལོ་གཅིག་ལྷག་འགོར་བའི་རྗེས་ཏེ་ཕྱི་ལོ་ ༢༠༢༢ ཟླ་བ་ ༧ པའི་ནང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་སྤུན་མཆེད་རྭ་ཆུང་ཐོགས་མེད་བརྒྱུད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་ལོ་གསུམ་དང་ཟླ་དྲུག་རིང་བཙོན་འཇུག་ཁྲིམས་གཅོད་བྱས་འདུག་ཚུལ་སྤྱི་ཚོགས་ནང་ཡོངས་གྲགས་བྱུང་བ་ཙམ་ལས། ནང་མི་རྣམས་ནས་འཛིན་བཟུང་བྱེད་སྐབས་གང་མགྱོགས་ཕྱིར་རང་ཁྱིམ་དུ་གཏོང་བའི་རེ་བ་བྱས་པ་དང་། ལོ་དུས་དེ་ཙམ་རིང་ཁྲིམས་གཅོད་བཙོན་འཇུག་བྱ་དགོས་ཚུལ་སོགས་ཀྱི་གནས་སྟངས་ཤེས་མི་འདུགཁོང་ད་ལམ་གཅིག་པུར་ཁྲིམས་གཅོད་བཙོན་འཇུག་བྱས་པ་ཙམ་མིན་པར། ཕྱི་ལོ་ ༡༩༩༨ ཟླབ་་ ༥ པ་ནས་མདོ་སྨད་རྔ་བའི་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཆེས་ཐོག་མར་སྤེལ་ཡུལ་དུ་གྱུར་པ་རྔ་ཡུལ་ཀིརྟི་དགོན་དུ་རྔ་བ་ཁུལ་དང་རྫོང་རིམ་པའི་ལས་བྱེད་རྣམས་ཡོང་སྟེ། ལས་འགུལ་འདི་ནི་དགོན་པའི་འགྲིག་ལམ་དང་སངས་རྒྱས་ཀྱི་བསྟན་པ་གཙང་སེལ་བྱེད་པའི་ལས་འགུལ་ཞིག་ཡིན་པར་མ་ཟད། ཁྲིམས་འགལ་གྱི་རིགས་དགོན་པར་གནས་སྡོད་བྱེད་མི་ཆོག་པ་དང་། ལོ་ན་བཅོ་བརྒྱད་མ་ལོན་པའི་གྲྭ་ཆུང་རྣམས་དགོན་པ་ནས་འགྲོ་དགོས་པ། དགོན་པར་ཡོད་པའི་གྲྭ་པ་རྣམས་ཀྱིས་གྲྭ་པའི་ཕྱག་འཁྱེར་ཞིག་ངེས་པར་དུ་བཟོ་དགོས་པ། སྤྱིར་རྔ་ཡུལ་ཀིརྟི་དགོན་དུ་དགེ་འདུན་འདུ་ཚོགས་ཆེ་སྐབས་གྲྭ་གྲངས་སུམ་སྟོང་ལྷག་དང། རྒྱུན་དུ་ཉིས་སྟོང་བརྒྱད་བརྒྱ་དང་དགུ་བརྒྱ་བར་གཏན་བཞུགས་ཡོད་འདུག་ནའང་། དགོན་པའི་ནང་དུ་དགེ་འདུན་པ་ཆིག་སྟོང་ལྔ་བརྒྱ་ལས་སྡོད་མི་ཆོག་པ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་བཤམས་མི་ཆོག་པ། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་བཀའ་བརྩི་མི་ཆོག་པའི་སྐོར་སོགས་བཤད་དེ། དུས་ཡུན་རིང་ཐུང་སྣ་ཚོགས་པར་ཚོགས་འདུ་བསྡུ་བསྐོང་གིས་གྲྭ་མང་རྣམས་བཞུགས་བཟོད་མི་བདེ་བ་བཟོས་པར་བརྟེན། གྲྭ་པ་མང་པོ་ཚོགས་ཐོག་ཏུ་ཡར་ལངས་ནས་སྐད་ཅོར་བརྒྱབས་པ་དང་། ཕྱི་ལོགས་སུ་འགྲོ་བ་སོགས་རྒྱ་གཞུང་གི་ལས་བྱེད་ཡོད་སར་མི་འདོད་པའི་རྣམ་འགྱུར་མང་དུ་བསྟན་པ་དང་། དུས་སྐབས་དེའི་རིང་ཞོགས་ཀ་ཕལ་ཆེ་བར་དགོན་པའི་གླིང་བར་དང་རྔ་བ་རྫོང་གི་ཁྲོམ་བར་སོགས་སུ་བོད་རང་བཙན་ཡིན་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བར་ངོ་རྒོལ། ཀིརྟི་དགོན་གྱི་འདུ་ཁང་གི་གཡས་གཡོན་དང་གླིང་དཀྱིལ་གྱི་གློག་ཐག རྔ་བ་རྫོང་གི་སྲང་མདོའི་གློག་ཐག་དང་གློག་ཤིང་གི་རྩེ་བཅས་གང་སར་བོད་ཀྱི་རྒྱལ་དར་ཐེངས་མང་པོར་བསྒྲེངས་པ་སོགས་ཀྱིས་སྐབས་དེའི་ལས་དོན་ལམ་ལྷོང་གཏན་ནས་མ་བྱུང་བ་ལྟ་བུར་བརྟེན། ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་སླར་ཡང་རྔ་བ་ཀིརྟི་དགོན་དུ་རྔ་བ་ཁུལ་དང་རྫོང་གི་ལས་བྱེད་ལྔ་བཅུ་ཙམ་ཡོང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བཙན་རྗིད་ཅན་སྤེལ་ནའང་དེ་ཡང་ལམ་འགྲོ་ཡག་པོ་མ་བྱུང་བར་གང་སར་ཡི་གེ་མང་པོ་སྦྱར་འགྲེམས་སོགས་ཀྱི་ངོ་རྒོལ་བྱས་པར་བརྟེན་གྲྭ་པ་གང་མང་ཞིག་འཛིན་བཟུང་བྱས་པའི་སྐབས་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་འཛིན་བཟུང་བཙོན་འཇུག་བྱས་པའི་ཚུལ་སོགས་ཞིབ་པ། ཕྱི་ལོ་ ༢༠༡༠ ལོར་ཀིརྟིའི་བྱེས་པ་གྲྭ་ཚང་ནས་པར་འགྲེམས་བྱས་པ་ <<མི་ཐོག་གསུམ་གྱི་རྨ་ཁ་>> ཞེས་པའི་དཔེ་དེབ་ནང་གསལ་པོར་འཁོད་འདུགའདི་ནས་རྒྱུས་ལོན་བྱས་པར། རྔ་བ་རྫོང་ཁོངས་སུ་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་མུས་ཀྱི་སྐབས་ཤིག་ལ་མཚན་མོར་གློ་བུར་དུ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཀྱི་བཞུགས་ཤག་གི་རྭ་སྐོར་གྱི་ཐོག་ཁ་ནས་རྒྱ་མིའི་ལས་བྱེད་ཉེན་རྟོག་པ་འགའ་མཆོངས་ཡོང་སྟེ་བཞུགས་ཤག་བསྔོག་བཤེར་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རྣམས་བཙན་འཕྲོག་བྱས་ནས་བཀག་བསྐྱིལ་དང་འདྲི་གཅོད་སྔ་ཕྱིར་བྱས་པའི་གནས་ཚུལ་ཡང་བྱུང་འདུག
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ནི་མི་ལོ་ཉི་ཤུ་ལྷག་རིང་རྒྱ་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོའི་མིག་ནང་གི་ལིང་ཏོག་ལྟ་བུར་གྱུར་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་སོགས་སྤུན་མཆེད་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་རྭ་ཆུང་ཐོགས་མེད་ལགས་བརྒྱུད་ཕུལ་བའི་ཉེས་མིང་འོག་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡ ཉིན་འཛིན་བཟུང་ཁྲིམས་གཅོད་ཀྱིས་ལོ་གསུམ་དང་ཟླ་དྲུག་རིང་བཙོན་འཇུག་བྱས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༦ ཉིན་ལོ་དུས་ཚང་ནས་བཙོན་གྲོལ་བྱུང་འདུག་ནའང་གཟུགས་པོའི་གནས་སྟངས་ཧ་ཅང་ཞན་པོ་ཆགས་བསྡད་ཡོད་འདུག་ལ། ཁོང་གི་མ་རྒན་ལའང་རྒྱ་གཞུང་གིས་བསུན་གཙེར་སྣ་མང་འོག་སྨན་བཅོས་ཚད་ལྡན་བྱེད་མ་ཐུབ་པས་བུ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་དང་ངོ་ཐུག་མ་ཐུབ་པར་འཇིག་རྟེན་འདི་ནས་གཏན་དུ་ཞལ་གྱེས་དགོས་བྱུང་ཡོད་པ་རེད།
དེ་ནི་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༦ ཉིན་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཀྱི་མ་ནོར་པོ་ལ་མིང་པོ་བཀྲ་ཕུན་གྱིས་ཁ་པར་བརྒྱུད་ང་ལ་བཤད་རྒྱུ་ཅང་ཨེ་ཡོད་ཅེས་དྲིས་འདུག་པ་དང། དེའི་ཕྱི་ཉིན་ཏེ་ཚེས་ ༢༧ ཉིན་གྱི་ཞོགས་པ་རྔ་བ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་ལོ་བརྒྱད་ཅུ་གྱ་གཅིག་ལོན་པ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ཀྱི་ཞང་པོ་བཀྲ་ཕུན་གྱིས་རང་ལུས་མེར་སྲེག་གནང་། དེའི་རྐྱེན་གྱིས་ནང་མི་སྤུན་མཆེད་དང་ཉེ་འབྲེལ་རྣམས་ལ་དུས་ཡུན་ངེས་མེད་འདྲི་གཅོད་སྣ་ཚོགས་དང་བསུན་གཙེར་རིམ་པར་བཟོས་པར་མ་ཟད། ལོ་རྒན་བརྒྱད་ཅུ་གྱ་གསུམ་ལོན་པའི་སྲིང་མོ་ནོར་པོ་ལ་ཁ་པར་ཞིག་བཏང་བ་དེ་གྲོས་ཤིག་བྱས་འདུག་སྙམ་པའི་དོགས་གཞི་བྱས་ཏེ་ལོ་གཅིག་ཙམ་རིང་ཕྱག་སྐོར་དང་སྨན་ཁང་ལ་འགྲོ་འདུག་གི་རང་དབང་ཚད་ལྡན་མེད་པར་ལྟ་སྲུང་གཟབ་ནན་བྱས་པའི་ཚུལ་མོ་རང་གིས་བཤད་པའི་སྐད་ཆའི་སྒྲ་གཤམ་གསལ་ལྟར་དང། དུས་ལྟར་སྨན་བཅོས་འདོད་བློ་ཁེངས་པ་ཞིག་བྱེད་མ་ཐུབ་པར་དགུང་ལོ་བརྒྱད་ཅུ་གྱ་ལྔའི་ཐོག་མ་ནོར་པོ་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༠ ཉིན་འདས་གྲོངས་སུ་སོང་སྟེ་བུ་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་དང་ངོ་ཐུག་མ་ཐུབ་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག །