༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༧ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༧།༠༠ པའི་ཐོག་རྒྱ་གར་རྒྱལ་ས་ལྡི་ལི་རཱོ་ཡལ་གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་མཱེ་ཏཱབ་ (Shri Bhartruhari Mahtab) མཆོག་དང་། ཚོགས་གཞོན་སྐུ་ཞབས་ཏ་པིར་གྷའོ་ (Tapir Gao) མཆོག་རྣམ་པ་གཉིས་ཀྱིས་གཙོས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༢༥ ལྷག་ཙམ་དང་། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་པའི་བོད་མི་མང་སྤྱི་འཐུས་ ༢༩ ལྷན་འཛོམས་ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་དོན་ཚན་བཅུ་གཉིས་ཅན་གྱི་གྲོས་ཆོད་གཅིག་གཏན་འབེབས་གནང་ཡོད་པ་རེད།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་མཱེ་ཏཱབ་མཆོག་དང་། ཚོགས་གཞོན་སྐུ་ཞབས་ཏ་པིར་ གྷའོ་མཆོག་རྣམ་གཉིས་ཀྱིས་གཙོས་པའི་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པ་དང་། ཕྱག་སྦྲེལ་སྤྱི་འཐུས་ཡོངས་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་དགོང་དྲོ་ཁྱེད་རྣམ་པར་སྣེ་ལེན་ཞུ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ཁྱེད་རྣམ་པ་འདིར་ཕེབས་པ་འདིས་བོད་དང་། བོད་ཀྱི་བདེན་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་གྱི་ཡོད་པས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི། རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་འདྲ་མིན་གྱི་དབུ་ཁྲིད་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་དམིགས་ཡུལ་གཅིག་གྱུར་ཡོད་པའི་སྡིངས་ཆ་ཞིག་ཆགས་ཀྱི་ཡོད་ཅིང་། དེ་ཡང་ཕྱི་ལོ་ ༡༩༧༠ ནང་རྒྱ་གར་དབུས་གཞུང་གི་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ཨེམ་སི་ཅག་ལ་ (M. C. Chagla) མཆོག་གི་དབུ་ཁྲིད་འོག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་ཐོག་མར་གསར་འཛུགས་གནང་བ་དང་། རིམ་པས་རྒྱ་གར་རྒྱལ་སྲུང་བློན་ཆེན་སྐུ་ཞབས་ཇོར་ཇི་ཕེར་ནན་ཌེ་སི་ (George Fernandes ) མཆོག་དང་། སྐུ་ཞབས་མོ་ཧན་སིངྒ་ (Mohan Singh) མཆོག་རྣམ་གཉིས་ཀྱིས་ཚོགས་པའི་ཐུགས་འགན་བཞེས་ཡོད་པ་རེད། ཚོགས་པ་འདི་འདྲ་བ་ཞིག་གསར་འཛུགས་གནང་བ་དེས་རྒྱ་གར་གྱི་ཆབ་སྲིད་དབུ་ཁྲིད་རྣམ་པའི་ཐོག་ནས་བོད་དོན་ཐོག་ཐུགས་ཁུར་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་གྱི་ཡོད། རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་བོད་དོན་ཐོག་གདུང་སེམས་མཉམ་སྐྱེད་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༤ ཉིན་སྐུ་ཞབས་བྷར་ཏུར་ཧ་རི་ མཱེ་ཏཱབ་མཆོག་གིས་ཚོགས་པའི་ཚོགས་གཙོ་དང་། སྐུ་ཞབས་ཏ་པིར་ གྷའོ་མཆོག་གིས་ཚོགས་གཞོན་གྱིས་ཐུགས་འགན་བཞེས་པ་ནས་བཟུང་ད་བར་ལས་དོན་ཞབས་ཞུ་ཧུར་ཐག་ཞུ་བཞིན་ཡོད། གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ཀྱིས་ད་བར་ལངས་ཕྱོགས་བརྟན་པོས་ཐུགས་འགན་བཞེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་དོན་ལ་རྒྱབ་སྐྱོར་གནང་བ་ནི་མཐའ་མ་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་དང་། ཁྱེད་རྣམ་པས་མུ་མཐུད་བོད་དོན་ཐོག་ཕྱག་ལས་གནང་བ་དེས། ང་ཚོའི་སྙིང་སྟོབས་འཕེལ་ཏེ་བདེན་པའི་དོན་དུ་མུ་མཐུད་ལས་ཀ་བྱེད་རྒྱུར་སེམས་ཤུགས་འཕར་བཞིན་འདུག རྒྱལ་སྤྱིའི་ཐོག་ཨ་རི་དང་། ཡུ་རོབ། ཨེ་ཤི་ཡའི་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། ཨ་རིའི་གྲོས་ཚོགས་ནས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཙོས་པའི་བོད་དོན་དང་འབྲེལ་བའི་ཁྲིམས་ཡིག་དང་། གྲོས་ཆོད་མང་པོ་ཞིག་གཏན་འབེབས་གནང་ཡོད།
བོད་ནི་རྒྱ་གར་ལ་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པ་དང་། དུས་རྒྱུན་འཛམ་གླིང་གི་མཐོ་སྒང་དང་། ཨེ་ཤི་ཡའི་ཆུ་མཛོད་ཞེས་འབོད་སྲོལ་ཡོད་ཅིང་། རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་ནང་ཆུ་བོ་བོད་ནས་བབས་བཞིན་ཡོད་པ་མ་ཟད། རྒྱ་གར་དང་། བོད་ཀྱི་དབར་ས་མཚམས་རིང་ཤོས་ཡོད་པ་རེད།
བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞིང་། རྒྱ་ནག་དམར་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་ཁྲིམས་འགལ་བཙན་བཟུང་མ་བྱས་སྔོན་བོད་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་དབར་བར་གནས་རྒྱལ་ཁབ་ཀྱི་ངོ་བོར་ཆགས་བསྡད་ཡོད་པ་དང་། སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནི་ཨེ་ཤི་ཡའི་གླིང་ཆེན་ནང་ཞི་བདེའི་བསྟི་གནས་ཤིག་ཏུ་འགྱུར་རྒྱུའི་དགོངས་པ་ཡོད་པ་རེད། གནའ་སྔ་མོ་ནས་བཟུང་བོད་དང་། རྒྱ་གར་དབར་རིག་གཞུང་དང་། ས་ཁམས། ལོ་རྒྱུས་བཅས་ཀྱི་འབྲེལ་བའི་ཐོག་ནས་མི་རིགས་གཉིས་ཀྱི་དབར་མཛའ་བརྩེའི་འབྲེལ་ལམ་དམ་ཟམ་ཡོད་པས། གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་ལན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ཀྱི་དབུ་ཁྲིད་འོག་དང་། ཚོགས་འདུ་འདི་བརྒྱུད། འདིར་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམ་པས་གྲོས་ཆོད་ནང་གི་དོན་ཚན་ཁག་ལ་ཐུགས་ཞིབ་དང་། དེ་དག་ལག་ལེན་ཡོང་ཐབས་ཞུ་རྒྱུ་ཡིན།
བོད་མིའི་སྒྲིག་འཛུགས་ནི་བོད་དང་བོད་མིའི་ཁྲིམས་མཐུན་གྱི་སྐུ་ཚབ་ངོ་མ་དེ་ཡིན་པ་དང་། མང་གཙོའི་རྒྱལ་ཁབ་གཞན་ལྟར། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༠ ལོར་མང་གཙོ་གསོལ་སྩལ་གནང་བ་དེ་བཞིན་ང་ཚོས་ཚད་དང་ལྡན་པའི་ལག་ལེན་བསྟར་བཞིན་ཡོད་པ་དང་། ཕྱི་ལོ་ ༡༩༦༠ ཟླ་བ་ ༩ པའི་ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོས་ལས་ཁུར་དམ་འབུལ་བཞེས་པ་དང་། དེ་ནི་མང་གཙོ་དབུ་བརྙེས་པའི་ཉིན་མོ་ཞིག་ཆགས་ཀྱི་ཡོད།
འདིར་འཛོམས་པའི་གྲོས་ཚོགས་འཐུས་མི་རྣམས་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་སུ་གཟིགས་སྐོར་ཕེབས་གནང་ཡོང་བ་ཞུ་རྒྱུ་དང་། དེའི་ཐོག་ནས་བོད་མིའི་སྒྲིག་འཛུགས་དང་། བོད་མི་ཚོས་བདེན་དོན་ཆེད་ལས་དོན་སྤེལ་ཕྱོགས་བཅས་དངོས་སུ་གཟིགས་ཐུབ་པ་ཞིག་གནང་རོགས། སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་བདེན་དོན་འཐབ་རྩོད་དང་། འཕགས་བོད་གཉིས་དབར་གྱི་འབྲེལ་བ་གོང་མཐོར་གཏོང་ཐབས་སུ་ཚང་མས་མཉམ་དུ་ཕྱག་ལས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་གནང་ཡོད་པ་བཅས། །