༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དགུན་དུས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༦ ཉིན་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱིས་གཙོས་རྒྱ་གར་རྒྱལ་ས་ལྡི་ལིར་ཐབས་བྱུས་ཚོགས་འདུར་ཕེབས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ཚོགས་ཆུང་དྲུག་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་གཅིག་དང་། རྒྱ་གར་མངའ་སྡེ་ཁག་མི་འདྲ་བ་ ༡༦ དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ ༨ ཀྱི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་ ༢༠། གཞན་གནད་ཡོད་མི་སྣ་ ༣ བཅས་དང་ལྷན་མཇལ་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་གནང་སྐྱོང་ཡོང་བ་སོགས་དོན་ཚན་བརྒྱད་ཀྱི་ཐོག་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༦ ཞོགས་པ་ཆུ་ཚོད་ ༧།༤༥ ནས་དགོང་དྲོ་ཆུ་ཚོད་ ༩།༠༠ པའི་བར། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་བཅས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ༡) རྒྱ་གར་ཨོ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱ་བྷིན་དྷ་ར་ ནཱ་རཱ་ཡན་ བྷེ་ཧེ་རཱ་ (Dr. Rabindra Narayan Behera) མཆོག་དང་། ༢) ཨོ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པར་དིབ་ པུ་རོ་ཧི་ཊི་ (Shri Pradeep Purohit) མཆོག ༣) ཨོ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་ཀན་ཊ་ ཀུ་མར་ པ་ནི་གྷ་རཱ་ཧི་ (Shri Sukanta Kumar Panigrahi) མཆོག་བཅས་དང་མཇལ་འཕྲད་དང་། ༤) ཆ་ཏིས་གྷར་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་ཇེ་ བྷ་གྷལ། (Shri Vijay Baghel) མཆོག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་ཏེ་བོད་དོན་སྐོར་སྙན་གསན་ཞུས་པར་ཐགས་སྣང་དང་ཞལ་བཞེས་གང་ལེགས་ཐོབ། ༥) ཆ་ཏིས་གྷར་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་ (INC) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཇོ་ཌི་སི་ནཱ་ མ་ཧན་ཊ་ (Smt. Jyotsna Mahant) མཆོག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་ཏེ་བོད་དོན་སྐོར་སྙན་གསན་ཞུས་པས་ཁོང་དང་ཁོང་གི་བུ་གཉིས་ཀ་ནས་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་མྱོང་བ་དང་། ད་ལྟའི་སྐབས་སུ་གཞིས་ཆགས་ནི་ཤིན་ཏུ་མཛེས་སྡུག་ལྡན་པ་ཞིག་ཏུ་བཟོས་འདུག་པའི་སྐོར། བོད་དོན་ཆེད་ཁོང་གིས་གནང་ཐབས་ཇི་ཡོད་སྐོར་བཅས་ལ་ཐུགས་སྣང་ཆེན་པོས་དང་ལེན་གནང་བ་མ་ཟད། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་མིར་ཞུགས་གནང་མཛད་འདུག ༦) ནུབ་བྷང་གྷལ་མངའ་སྡེ་ནས་ཡིན་པ་བྷ་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་། ནང་སྲིད་བློན་ཆེན་གཞོན་པ་ཟུར་པ་སྐུ་ཞབས་ནི་སི་ཊ་ པར་མ་ནིག་ (Shri Nisith Pramanik, Former Minister of State for Home Affairs and Youth Affairs & Sports Government of India)) མཆོག་མཇལ་འཕྲད་ཞུས་ཏེ་སྤྱི་ལྷན་གྱི་ཕྱག་རྟགས་དང་། ༸གོང་ས་མཆོག་གི་མཛད་རྣམ། བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་བཅས་འབུལ་ལམ་ཞུས་པས་ཁོང་ནས་བོད་དོན་སྐོར་ལ་ཐུགས་སྣང་ཆེན་པོ་གནང་བ་མ་ཟད། རྒྱ་ནག་གིས་ཚོང་འབྲེལ་ལ་ཁག་དཀྲིས་ཏེ་རྒྱལ་ཁབ་མང་པོ་མགོ་སྐོར་བསླུ་བྲིད་གཏོང་བཞིན་པ་སོགས་ཀྱི་གནད་དོན་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ཆེ་བསྟོད། ཧིན་བོད་ས་མཚམས་ཀྱི་མིང་ཚིག་བེད་སྤྱོད་གནང་ཕྱོགས་སྐོར། རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཇི་ཡིན་བཀའ་འདྲི། ཁོང་གི་གནས་བབ་གང་འདྲ་ཞིག་ཡིན་ནའང་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པ་སོགས་ནང་མོལ་ལྷུག་སྩོལ་བྱུང་། ༧) ཆ་ཏིས་གྷར་མངའ་སྡེ་ནས་ཡིན་པ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་བློན་ཆེན་ཡུན་རིང་གནང་མྱོང་མཁན་དང་། བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷི་རི་ཇི་མོ་ཧན་ ཨ་གྷར་ཝལ་ (Shri Brijmohan Agrwal) མཆོག་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གྱི་ཡིག་ཆ་ཁག་ཕུལ་ནས་སྐབས་བསྟུན་གྱི་གནད་དོན་ཁག་སྙན་གསན་ཞུས་པས་ཁོང་གི་མངའ་སྡེ་དང་མན་སྤར་ཕན་བདེ་གླིང་གཞིས་ཆགས་བཅས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་སྐབས་གོ་སྒྲིག་དང་མཐུན་འགྱུར་ཞུ་རྒྱུའི་གོ་སྐབས་ཐོབ་མྱོང་བས་སྐལ་པ་བཟང་པོ་བྱུང་སོང་བ་དང་། མ་འོངས་པར་བོད་དོན་སྐོར་ལ་གྲོས་ཚོགས་ཕྱི་ནང་གང་དུ་ཡིན་ནའང་རྒྱབ་སྐྱོར་དང་མཐུན་འགྱུར་གང་ལེགས་གནང་རྒྱུ་ཡིན་པ་སོགས་ཀྱི་ཞལ་བཞེས་ཐོབ་པ་སོགས་བྱུང་འདུག
དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས། ༡) ཨུ་ཌི་ཤ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷར་ཏུར་ཧ་རི་ མཱེ་ཏཱབ་ (Shri Bhartruhari Mahtab) མཆོག ༢) རྒྱ་གར་བྱང་ཤར་ཊི་རི་པུ་ར་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཀིརི་ཏི་ དྷེ་ཝི་ ཌེ་བྷར་མན་ (MP Kriti Devi Debbarman) མཆོག ༣) རཱ་ཇཱ་ས་ཐན་མངའ་སྡེ་ནས་ཡིན་པ་ (Bharat Adivasi Party) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རཱ་ཇཱ་ཀུ་མར་ རོ་ཊི་ (MP Rajkumar Roat) མཆོག ༤) བྷི་ཧར་མངའ་སྡེ་ནས་ཡིན་པ་རྒྱ་གར་དམར་ཤོག་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་ཌ་མ་ པར་སཌ་ (MP Sudama Prasad) མཆོག ༥) འཇར་ཁན་ཌ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀ་ལི་ ཅ་རན་ སིངྒ་ (MP Kali Charan Singh) མཆོག ༦) ཆ་ཏིས་གྷར་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷོ་ཇོ་ར་ཇ་ ནཱག་ (MP Bhojraj Nag) མཆོག ༧) རྒྱ་གར་བྱང་ཤར་མ་ནི་པུར་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨལ་ཕི་རེཌ་ ཀན་གྷམ་ ཨར་ཐུར་ (MP Alfred Kanngam Arthur) མཆོག ༨) རྒྱ་གར་བྱང་ཤར་མེག་གྷ་ལ་ཡ་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སཱ་ལེངྒ་ ཨེ་ སང་མ་ (MP Saleng A. Sangma) མཆོག ༩) རྒྱ་གར་བྱང་ཤར་མི་ཛོ་རམ་མངའ་སྡེ་ནས་ཡིན་པ་ (Zoram People’s Movement) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རི་ཅར་ཌི་ ཝན་ལལ་མན་གྷ་ཡེ་ཧ་ (MP Richard Vanlalhmangaiha) མཆོག ༡༠) བྷི་ཧར་མངའ་སྡེ་ནས་ཡིན་པ་ (RJD) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སུ་དྷ་ཀར་ སིངྒ་ (MP Sudhakar Singh) མཆོག ༡༡) རྒྱ་གར་གཞུང་གི་ (Khadi and Village industry) བཟོ་གྲྭའི་ཚོགས་མི་ཟུར་པ་སྐུ་ཞབས་བྷ་སན་ཌ་ (Shri Basant, member of Khadi and Village industry) མཆོག ༡༢) ཡུ་པི་མངའ་སྡེ་ནས་ཡིན་པ་ (Samajwadi Party) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཛེར་ རཱ་མན་ བྷརྒ་ (Ziaur Rahman Barq) མཆོག་དང་ལྷན་རིམ་པས་མཇལ་འཕྲད།
སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས། སྤྱི་འཐུས་པདྨ་མཚོ་ལགས་བཅས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པས་ ༡) ཧི་མ་ཅཱལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ར་ཇིབ་ བྷར་ཌ་ཝ་ཇི་ (Dr Rajeev Bhardwaj) མཆོག་དང་། ༢) ཧི་མ་ཅཱལ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་ (BJP) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཧར་ཤ་ མཱ་ཇན་ (Shri Harsh Mahajan) མཆོག་བཅས་དང་ལྷན་མཇལ་འཕྲད།
སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་དང་། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་བཅས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་བཞི་པས་ ༡) ཀེ་ར་ལ་མངའ་སྡེ་ནས་ཡིན་པ་ (Revolutionary Socialist Party) སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ (Shri N. K. Premachandran) མཆོག་བཅས་དང་ལྷན་མཇལ་འཕྲད།
སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་ལྔ་པས། ༡) རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། གུ་ཇུ་རཏ་མངའ་སྡེ་ནས་ཡིན་པ་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་པར་ཤོ་ཊམ་ རུ་པཱ་ལཱ་ (Shri. Parshottam Rupala) མཆོོག ༢) གུ་ཇུ་རཏ་མངའ་སྡེ་ནས་ཡིན་བྷི་ཇེ་པི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མི་ཊེ་ཤི་ ར་མེ་ཤི་བྷ་ཡེ་ པ་ཊེ་ (Shri Mitesh Rameshbhai Pate) མཆོག ༣) མ་དེ་ཡ་ པར་དེ་ཤི་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་ཚོགས་མི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌིག་ཝི་ཇཱ་ཡཱ་ སིངྒ་ (Shri Digvijaya Singh) བཅས་དང་ལྷན་མཇལ་འཕྲད།
སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ཐར་ལགས། སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་དྲུག་པས། ༡) རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ཀི་རེན་ རི་ཇི་ཇུ་ (Kiren Rijiju, Union Minister of Parliamentary Affairs of India) མཆོག་དང་། ༢) རྒྱ་གར་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཌོ་རཡེ་སཱ་མེ་ རཱ་ཇཱ་ (Doraisamy Raja) མཆོག་དང་ལྷན་མཇལ་འཕྲད།
མཇལ་འཕྲད་སྐབས་སོ་སོར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་སོ་སོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྙན་ཞུ་དོན་ཚན་ ༨ འཁོད་ཅན་དང་། ཞྭ་སྒབ་པའི་ཕྱི་བསྐྱོད་ལམ་ཡིག སྤྱི་ལྷན་ངོ་སྤྲོད་ལྟེབ་ཤོག བོད་ནང་རང་ལུས་མེར་བསྲེགས་བཏང་བའི་སྐོར་གྱི་ལོ་རྒྱུས་སོགས་ཡིག་ཆ་ཁག་ཕུལ་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། འཕགས་བོད་ས་མཚམས་སྐོར་གྱི་གལ་གནད། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་ཡོང་ཐབས་དང་རྒྱ་གར་གྲོས་ཚོགས་སུ་བོད་དོན་སྐོར་གླེང་སློང་ཡོང་ཐབས། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཁོངས་སུ་མཉམ་ཞུགས་ཡོང་ཐབས་སྐོར་སོགས་ཞུས་པ་ལྟར་ཁོང་རྣམས་ནས་ཀྱང་ཐུགས་སྣང་ཆེན་པོས་ཞལ་བཞེས་གང་ལེགས་གནང་སོང་།
བོད་དོན་ཞུ་སྙན་དོན་ཚན་བརྒྱད་ནི། ༡) བོད་དེ་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་བཙན་བཟུང་འོག་ཡོད་པར་ངོས་འཛིན་བྱུ་རྒྱུ་དང་། ༢) བོད་རྒྱའི་དཀའ་རྙོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་སེལ་ཐབས་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ། སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། ཡང་ན་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་རྣམས་དང་ལྷན་གྲོས་མོལ་ཡོང་རྒྱུར་རྒྱ་ནག་གཞུང་ལ་སྐུལ་འདེད་བྱ་རྒྱུ། ༣) རྒྱ་གཞུང་གིས་བོད་ནང་གི་རང་བྱུང་ཁོར་ཡུག་གཏོར་བཤིག་དང་། དེས་འཛམ་གླིང་སྤྱིའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་འགྲོ་བཞིན་པའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚན་པའི་ངོས་ནས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ། ༤) བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རང་དབང་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཐོག་ནས་ཞིབ་འཇུག་བྱ་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་རྒྱུ་དང་། བསམ་བློ་དང་། སྨྲ་བརྗོད། ཞི་བདེའི་འདུ་འཛོམས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་གནང་མཁན་རྣམས་བོད་ནང་གཟིགས་སྐོར་ཕེབས་རྒྱུར་གདན་ཞུས་གནང་རྒྱུ། ༥) ཕྱི་ལོ་ ༡༩༩༥ ཟླ་ ༥ པའི་ཚེས་ ༡༧ ནས་ད་བར་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། ༦) བོད་ཀྱི་ཆོས་དང་། སྐད་ཡིག རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུའི་རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་རྣམས་འཕྲལ་ཏུ་མཚམས་འཇོག་ཡོང་རྒྱུར་རྒྱ་གཞུང་ལ་སྐུལ་མ་བྱ་རྒྱུ། ༧) རྒྱ་ནག་དམར་གཞུང་གཅིག་སྡུད་དབང་བསྒྱུར་དང་། དངོས་ཡོད་གནས་ཚུལ་རྫུན་སྒྲིག་ལོག་འགྲེལ་བྱེད་བཞིན་པར་ཁྲིམས་སྒྲིག་དང་སྲིད་བྱུས་གཏན་འབེབས་ཀྱི་ཐོག་ནས་གདོང་ལེན་བྱ་རྒྱུ། ༨) གྲོས་ཚོགས་འཐུས་མི་རྣམ་པས་སྡིངས་ཆ་ཇི་ཡོད་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་ཡོང་བ་བཅས་དོན་ཚན་བརྒྱད་ཀྱི་ཐོག་ཞུ་སྐུལ་གནང་ཡོད་པ་བཅས། །