༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་་གིས་ཨ་རིའི་འཛིན་སྐྱོང་དང་ཐོན་ཁུངས་ལྷན་ཁང་གི་དྲུང་གཞོན་སྐུ་ཞབས་རི་ཅཊ་ཨར་ཝར་མ་ (Richard R. Verma) མཆོག་དང་མཇལ་མོལ་གནང་ཡོད། སྐབས་དེར་སྐུ་ཞབས་རི་ཅཊ་ཨར་ཝར་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་དང་འབྲེལ་ཉེ་ལམ་མགོན་པོ་གང་ཉིད་ཀྱི་ཞབས་པུས་སྨན་བཅོས་སྐོར་བཅར་དྲི་ཞུས་ཡོད་པ་མ་ཟད། ཁོང་རང་ཉིད་དེ་སྔ་ཨ་རིའི་རྒྱ་གར་གཞུང་ཚབ་ཀྱི་ལས་ཡུན་སྐབས་རྒྱ་གར་དུ་ཕེབས་མྱོང་སྟབས་བོད་དོན་ཐོག་གོ་རྟོགས་ཡོད་པའི་འགྲེལ་བརྗོད་གནང་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་དང་མཇལ་འཕྲད་དང་། ཁོང་མོས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། ལས་ཁུངས་ཀྱི་སློབ་སྟོན་པ་རྒན་པ་ལྕམ་ཨེ་ལི་སན་སྦར་ཊེལ་ (Alison Bartel) ལགས། གཞན་ཡང་ཨ་རིའི་གཞུང་གི་གྲངས་འབོར་དང་། སྐྱབས་བཅོལ། གནས་སྤོ་བཅས་ཀྱི་ལས་ཁུངས་ ( PRM) དང་། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ཚོགས་པ་བཅས་ཀྱི་སྐུ་ཚབ་ལྷན་ཞུགས་གནང་ཡོད།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་མཛད་སྒོར་ཆེད་ཕེབས་གནང་ཡོད་ཅིང་། དེར་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་འཛམ་གླིང་གི་ཚིག་མཛོད་ཆེ་ཤོས་པོད་ཕྲེངས་ ༢༢༣ ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་ཕུལ་བ་དང་ཆབས་ཅིག ཁོང་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་མི་ཉམས་གོང་འཕེལ་ཆེད་བཅོས་མའི་རིག་རྩལ་གྱི་གལ་གནད་སྐོར་ངོ་སྤྲོད་གནང་ཡོད།ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་དང་ལྷན་མཇལ་མོལ་གྱིས་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་ཐོག་གླེང་མོལ་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།