༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ པའི་ཚེས་ ༡༢ རེས་གཟའ་ཕུར་བུ་སྐུའི་བླ་གཟའ་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་སྔ་འགྱུར་བསྟན་པའི་མཛེས་རྒྱན། སྨིན་གླིང་བསྟན་པའི་སྒྲོན་མེ། དོན་གྲུབ་གླིང་གཞིས་སྒར་གྱི་དབུ་འཛིན་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པའི་ཆེད་མདོ་ཁམས་གོ་འཇོ་བ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
སྐབས་དེའི་བརྟན་བཞུགས་མཛད་སྒོའི་ཐོག་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་རིན་པོ་ཆེ་རྣམ་པ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་བཅས་དང་། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། སྡེ་ར་ལྡུན་དང་། སྤོན་ཊ་ཆོལ་གསུམ། ཀུམ་རའོ་གཞིས་ཆགས་སོགས་ཀྱི་ས་གནས་འགོ་འཛིན་དང་། ཕྱི་ནང་གི་སྐུ་མགྲོན་སོགས་ཕེབས་འདུག
༧སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་ནི། མདོ་ཁམས་སྒང་དྲུག་ལས། འབྲི་ཟླ་ཟལ་མོ་སྒང་གི་ཆ་ཤས། སྨར་ཤོད་གོ་འཇོ་མདོ་དྲུག་ཨ་ལོ་གྲོང་ཇོ་རུག་ཚང་ཞེས་རིགས་རུས་ཆོ་འབྲངས་ཕུན་སུམ་ཚོགས་པའི་ཁྱིམ་བརྒྱུད་དུ། ཡབ་ཇོ་རུག་ཨ་ཏ་དང་། ཡུམ་རྒྱ་གཉའ་ཨ་ཚེ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ས་སྟག་ལོ། ཕྱི་ལོ་ ༡༩༣༧ ལོར་སྐུ་འཁྲུངས། སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེའི་ནོར་བུ་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གཉིས་ནས་སྒྲིབ་མེད་ཡེ་ཤེས་ཀྱི་གཟིགས་པ་ཆེན་པོས། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་དགོན་ལག གོ་འཇོ་མཁོ་ཆེན་དགོན། ཕོ་འགའ་སྤྲུལ་སྐུ་འགྱུར་མེད་ཚུལ་ཁྲིམས་འོད་ཟེར་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། དེ་ནས་མི་རིང་བར་མཁོ་ཆེན་དགོན་དུ་གདན་འདྲེན་ཞུས་ནས་གྲུབ་བརྒྱའི་གཙུགས་རྒྱན་གཏེར་སྲས་འཆི་མེད་རིན་པོ་ཆེ་དབུ་བཞུགས་ཐོག་མཁོ་ཆེན་ཡུལ་དགོན་གཉིས་ནས་ཆིབ་བསུ་སེར་སྦྲེང་ཟབ་རྒྱས་དང་བཅས་མངའ་གསོལ་ཁྲི་འདོན་མཛད། བླ་མ་དཔལ་འབྱོར་ལགས་ཡོངས་འཛིན་དུ་བསྟེན་ནས་ཀུན་གྱི་ཕྱི་མོ་ཡི་གེ་སྦྱོར་ཀློག་ལ་བསླབས། སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེའི་ནོར་བུ་མཁོ་ཆེན་དགོན་དུ་བཞུགས་པའི་ཞལ་སྔ་ནས་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས།
དེ་ནས་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་དགོན་པའི་སྒྲིགས་སྲོལ་ལྟར། དབུས་ཕྱོགས་སུ་ཕེབས་ཏེ་གངས་ཅན་བསྟན་པའི་རྒྱན་གཅིག གྲྭ་ཕྱི་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ཆོས་ཞུགས་གནང་། རྩིས་དཀར་ནག སུམ་རྟགས་དག་གསུམ། སྙན་ངག་མངོན་བརྗོད་སོགས་ཐུན་མོང་རིག་གནས་ཀྱི་སྐོར་དང་། སྡོམ་གསུམ་རྣམ་ངེས། རྒྱུད་རྒྱལ་གསང་བ་སྙིང་པོའི་རྩ་འགྲེལ་གཙོ་བོར་གྱུར་པའི་མདོ་རྒྱུད་དགོངས་འགྲེལ་དུ་མ་གསན་བསམ་མཐར་ཕྱིན་པ་གནང་། ཁྱད་པར་གར་ཐིག་དབྱངས་གསུམ། གཏོར་བཟོ་དཀར་རྒྱན། འབུད་བརྡུང་དཀྲོལ་གསུམ་སོགས་ཨོ་རྒྱན་སྨིན་གྲོལ་གླིང་གི་རིག་འཛིན་བརྒྱུད་པའི་ཕྱག་བཞེས་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་བྱང་ཆུབ་པར་མཛད། ཉེ་བའི་རིག་བདག་༧སྐྱབས་རྗེ་སྨིན་གླིང་མཁན་གཅུང་རྣམ་པ་གཉིས་དང་། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་དམ་པ་དུ་མ་ལས་སྔ་འགྱུར་བཀའ་གཏེར་དག་སྣང་གི་ཆོས་སྒོ་སྤྱི་དང་། ཁྱད་པར་ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་ཆོས་དུ་མ་གསན་བཞེས་གནང་། དགུང་ལོ་ཉེར་གཉིས་བཞེས་པ་ས་ཕག་ཕྱི་ལོ་༡༩༦༠ ལོར་བོད་ལ་དུས་འགྱུར་བྱུང་བས། ༧སྐྱབས་རྗེ་བདེ་བར་གཤེགས་པ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་རྒྱ་གར་དུ་ཕེབས་གནང་བ་བཞིན། ༧སྐྱབས་རྗེ་ཁྲི་ཆེན་རིན་པོ་ཆེ་དང་ལྷན་དུ། མཁོ་ཆེན་སྤྲུལ་སྐུ་འགྱུར་མེད་མདོ་རྒྱུད་རྒྱ་མཚོ། གྲོ་ལུ་བསོད་ནམ་བཀྲ་ཤིས། སྐྱ་ཉ་དབང་འདུས་ཚེ་རིང་། འབྲོང་པ་བསོད་ནམ་བཀྲ་ཤིས་བཅས་མཁོ་ཆེན་དགོན་པའི་བླ་གྲྭ་བཞི་དང་། བྲག་ནག་དགོན་པའི་གྲྭ་དོན་འགྲུབ་མགོན་པོ། སྨིན་གླིང་གྲྭ་འགྱུར་མེད་ཤེས་རབ་བཅས། སྐུ་འཁོར་བདུན་པོ་བྲོས་བྱོལ་གྱིས་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་ཕེབས།
རྒྱ་གར་བྱང་ཤར་ཀ་ལིང་སྤུངས་སུ་ཡུན་རིང་བཞུགས། རིང་མིན་སྔོན་གྱི་ཐུགས་བསྐྱེད་དུས་སུ་སྨིན་པས་༧སྐྱབས་རྗེ་དཔལ་ཡུལ་རྫོང་ནོར་རིན་པོ་ཆེ་འཇམ་དཔལ་བློ་གྲོས་མཆོག་དང་ལྷན་དུ། རྒྱ་གར་བྱང་ཕྱོགས་དོན་འགྲུབ་གླིང་གི་ས་གནས་སུ། སྨིན་གྲོལ་གླིང་གི་བྱེས་ཀྱི་གདན་ས་ཆེན་མོ་འདི་ཉིད་ཕྱག་བཏབ། བསྟན་པའི་མངའ་བདག་༧སྐྱབས་རྗེ་བདེ་བར་གཤེགས་པ་ཁྲི་ཆེན་རྡོ་རྗེ་འཆང་སྟོན་འཁོར་ལྷན་རྒྱས་ཀ་ལིང་སྤུངས་ནས་གདན་ས་འདིར་གདན་ཞུས་གནང་། སྨིན་གླིང་རང་ལུགས་ཀྱི་སྤྲེལ་ཟླའི་ཚེས་བཅུ་ཆེན་མོ། རྡོར་སེམས་ཐུགས་སྒྲུབ་སྒྲུབ་མཆོད། ཐུགས་ཆེན་བདེ་གཤེགས་ཀུན་འདུས་ཆ་ལག་དང་བཅས་པའི་སྒྲུབ་ཆེན། ལོ་མཇུག་དུས་རིམ་ཆེན་མོ། བཀའ་བརྒྱད་བདེ་གཤེགས་འདུས་པའི་སྒྲུབ་ཆེན། སྔ་འགྱུར་བཀའ་མ་ཆོག་ཁག་ལྔའི་སྒྲུབ་མཆོད། དགུ་ཆུང་དང་ཉི་ལྡོག ཁྲོ་རོལ་གཏོར་བཟློག ཡར་ངོ་མར་ངོའི་ཚེས་བཅུ་དང་ཉེར་ལྔ་སོགས་རྒྱུན་གྱི་དུས་མཆོད་ཁག་དང་། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། ལོ་མཇུག་གཤིན་རྗེའི་དགུན་འཆམ། སྤྲོས་བཅས་ཚེས་བཅུའི་དབྱར་འཆམ། ས་ཟླའི་ཁྲག་འཐུང་རྩ་འཆམ་སོགས་སྔར་བོད་ལ་ཇི་ལྟར་ཡོད་པ་བཞིན་གསར་འཛུགས་གནང་།
གཞི་རིམ་འཛིན་གྲྭར་ཡི་གེ་འབྲི་ཀློག་སོགས་དང་། གྲྭ་ཚང་དུ་སུམ་རྟག་དག་གསུམ་སོགས་རིག་གནས་ཀྱི་སྐོར་དང་། བོད་ནས་སྔགས་རབ་འབྱམས་པ་བཤད་སྒྲུབ་བསྟན་འཛིན་མཆོག་དང་། རྡོར་འཛིན་བསྟན་འཛིན་ཉི་མ་གཉིས་ཆེད་དུ་གདན་དྲངས་ཏེ་སྨིན་གླིང་བཀའ་གཏེར་གཉིས་ཀྱི་ཆོ་ག་ཕྱག་ལེན་དང་། གར་ཐིག་དབྱངས་གསུམ། འབུད་བརྡུང་དཀྲོལ་གསུམ། གཏོར་བཟོ་མར་རྒྱན་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་མཐའ་དག་གཞིས་སུ་ཇི་ལྟར་ཡོད་པ་བཞིན་འཛུགས་གནང་མཛད། བཤད་གྲྭ་མདོ་རྒྱུད་ལེགས་བཤད་གླིང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་ནས། མདོ་ཕྱོགས་སུ་གཞུང་ཆེན་བཅུ་གསུམ་དང་། སྔགས་ཕྱོགས་སུ་གསང་བདག་དགོངས་རྒྱན་དང་ཕྱོགས་བཅུའི་མུན་སེལ་སོགས་ཀུན་མཁྱེན་ཡབ་སྲས་དང་ལོ་ཆེན་དྷརྨ་ཤྲཱིའི་རྒྱུད་འགྲེལ་ཁག་རྣམས་སློབ་ཚན་དུ་གཏན་འབེབས་གནང་ནས་འཆད་ཉན་གྱི་རྒྱུན་རྒྱ་ཆེར་སྤེལ་བའི་བདག་རྐྱེན་ལས། ད་ལྟའི་བར་མི་ལོ་ཧྲིལ་པོ་སུམ་ཅུ་སོ་གསུམ་འཁོར་བའི་དུས་ཡུན་རིང་། བཤད་གྲྭ་འདི་ནས་མཁན་པོ་བརྒྱད་ཅུ་གྱ་ལྔ་དང་། སློབ་དཔོན་བརྒྱ་དང་བཞི་བཅུ་ཞེ་དྲུག་ཙམ་ཐོན་ནས་རང་དགོན་གྱི་བཤད་གྲྭ་ཁག་དང་། རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་བཅས་ལ་ཆོས་དང་རིག་གཞུང་གི་ཞབས་འདེགས་བླ་ན་མེད་པ་སྒྲུབ་དང་སྒྲུབ་བཞིན་པའི་བདག་རྐྱེན་དུ་གྱུར་པ་དང་། སྒྲུབ་སྡེ་འོད་གསལ་གླིང་གསར་བཞེངས་གནང་ཏེ་ལོ་ལྟར་བླ་གྲྭ་བཅུ་ཕྲག་ཡས་མས་ནས་ཐུགས་ཆེན་གཙོ་བོར་གྱུར་པའི་སྔོན་འགྲོའི་བསགས་སྦྱང་ལ་གནད་དུ་ཁེལ་བའི་ཉམས་ལེན་མཐར་ཆགས་སུ་གནང་བཞིན་པ་དང་། གཞན་ཡང་འགྲོ་བའི་བསོད་ནམས་ཀྱི་རྟེན་མཆོག་དུ་རྒྱལ་བ་ལྷ་ལས་བབས་པའི་མཆོད་རྟེན་ཆེན་མོ་དང་། དགེ་འདུན་པ་ནད་ཀྱིས་མནར་བ་རྣམས་ཀྱི་ཆེད་དུ་སྨན་ཁང་ཚེ་རིང་དགའ་ཚལ་བཅས་གསར་རྒྱག་གནང་།
འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་དགོན་འདིར་ལན་གྲངས་དུ་མར་གདན་འདྲེན་ཞུས་ཏེ་རྟེན་གསུམ་རབ་གནས་དང་བཀའ་དབང་སོགས་བཀའ་དྲིན་དུ་བསྩལ་མཛད་ཡོད་པ་དང་། ཕྱི་ལོ་ ༡༩༧༨ ལོར་སྔ་འགྱུར་བསྟན་པའི་མངའ་བདག་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་རྣམས་གཉིས་གདན་འདྲེན་ཞུས་ཏེ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་དང་། ཕྱི་ལོ་ ༡༩༩༧ ལོར་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་གདན་དྲངས་ཏེ་སྔ་འགྱུར་བཀའ་མ་རྩ་གཞུང་པོད་ཉེར་གཉིས་ཀྱི་དབང་ལུང་ཆ་ཚང་དང་། ཕྱི་ལོ་ ༢༠༠༧ ལོར་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་གདན་དྲངས་ཏེ་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་གི་དབང་ལུང་དང་། བཀའ་མ་སྒྱུ་འཕྲུལ་ཞི་ཁྲོ་དང་། མདོ་ཚོགས་ཆེན་འདུས་པའི་བཀའ་དབང་། སྨིན་གླིང་གི་འདོན་ཆ་རྣམས་ཀྱི་དབང་ལུང་བཅས་དང་། ཕྱི་ལོ་ ༢༠༠༩ ལོར་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ནམ་མཁའི་སྙིང་པོ་རྣམས་གཉིས་གདན་དྲངས་ཏེ་རིན་ཆེན་གཏེར་མཛོད་ཆེན་མོའི་དབང་ལུང་ཟབ་རྒྱས་སྩོལ་གནང་མཛད།
ཀ་ལིང་སྦུགས་དུ་ཀ་སྤུངས་སྨིན་གྲོལ་གླིང་དགོན་པའི་གྲྭ་ཚང་། བཤད་གྲྭ། ཡུལ་མི་ཉམ་ཐག་གི་ཆེད་དུ། སློབ་གྲྭ། སྨན་ཁང་བཅས་གསར་བསྐྲུན་གནང་བ་དང་། འབྲས་ལྗོངས་སུ་ཟངས་མདོག་དཔལ་རི་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་གནང་ནས་གྲུབ་ལ་ཉེ་བ་བཅས་དང་། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་མདུན་ནས་ཚིག་ཕྱི་མ་དགེ་སློང་གི་དངོས་པོ་སྒྲུབ་པ་བཞིན། བསྟན་པའི་རྩ་བ་དགེ་སློང་དང་དགེ་ཚུལ་གྱི་སྡོམ་ཕྲུག་བརྒྱ་ཕྲག་ཁ་ཤས་དང་། སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་དབུ་ཚུགས་པ་ནས་ད་བར་ཚོགས་གཙོ་དང་དྲུང་ཡིག་ཆེན་མོའི་ལས་འགན་སོགས་གནང་དང་གནང་མུས་དང་། ཨ་རི། ཐེ་ཝན། འཇར་པན། མ་ལེ་ཤ་ཡ། ཕིང་ལེན། ཝི་ཏི་ནམ། བལ་ཡུལ། འབྲུག་སོགས་ཡུལ་གྲུ་དུ་མར་ཕེབས་ཏེ་གང་ལ་གང་འདུལ་གྱི་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན་པར་མཛད། ཁྱད་པར་གཏེར་ཆེན་སྐུ་མཆེད་གཉིས་ཀྱི་གསུང་འབུམ་ཁག་མཁོ་ཆེན་དགོན་དུ་བྲིས་མ་ཞིག་དང་སྤར་མ་ཞིག་བཞུགས་པ་ཙམ་ལས། གཞན་བོད་དབུས་ཕྱོགས་སུ་གཏན་མེད་ལྟ་བུར་གྱུར་པ་ཐུགས་ཀྱིས་མ་བཟོད་དེ། བོད་ནས་ཕྱག་དཔེ་ཁག་རྒྱ་གར་དུ་གདན་འདྲེན་ཞུས། དེ་ཡི་ཐོག་སྔ་འགྱུར་བཀའ་གཏེར་གཉིས་དང་། གདམས་ངག་མཛོད་སོགས་སུ་བཞུགས་པ་རྣམས་གློག་ཀླད་དུ་བཅུགས་ཏེ་པར་སྐྲུན་ཞུས་པས་ད་ཆ་འཛམ་གླིང་ཤར་ནུབ་ཀུན་ཏུ། སྨིན་གླིང་སྐུ་མཆེད་གཉིས་ཀྱི་གསུང་འབུམ་ཆ་ཚང་གསན་གཟིགས་གནང་རྒྱུ་ཡོད་པར་གྱུར་པ་སོགས། མདོར་ན་རྒྱ་གར་འཕགས་པའི་ཡུལ་དུ། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཕྱི་ཡི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ། ནང་གི་དགེ་འདུན་འདུས་སྡེ། འབྲི་ཀློག་དང་གསན་བསམ། མཐོང་བརྒྱུད་ཀྱི་ཆོ་ག་ཕྱག་བཞེས། སྒྲུབ་ཕྲིན་དང་དབང་ཁྲིད། མཆོད་པའི་ཡོ་བྱད་སོགས་ཕྱི་ནང་སྣོད་བཅུད་ཡོངས་སུ་རྫོགས་པ་རྣམས་༧སྐྱབས་རྗེ་བདེ་བར་གཤེགས་པ་ཁྲི་ཆེན་རྡོ་རྗེ་འཆང་དབུར་བཞུགས་དམ་པ་འདིའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བས་བསྟན་པ་སྤྱི་དང་། བྱེ་བྲག་འཕགས་ཡུལ་སྨིན་གྲོལ་གླིང་གི་བསྟན་པ་བཤད་སྒྲུབ་ལས་གསུམ་ལ་ཆེས་བཀའ་དྲིན་ཆེ་བ་སོགས། སྔ་འགྱུར་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པའི་མགོན་དཔུང་དམ་པར་མི་ཤིག་རྡོ་རྗེའི་ཁྲི་ལ་བཞུགས་པ་བཅས་ཀྱི་རྣམ་ཐར་མདོར་བསྡུས་སོ།།