༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་དུ་ཆེད་ཕེབས་ཀྱིས་བསྟི་གནས་ཁང་གི་ཚོགས་གཙོ་ཊ་མོན་ཝིལ་སོན་ (Damon Wilson) ལགས་དང་། ལས་འཆར་འགན་འཛིན་རྒན་པ་པདྨ་ལགས་ལྷན་དུ་ཞོགས་ཟས་མཉམ་རོལ་དང་བཅས་གནད་དོན་ཁག་ཅིག་ཐོག་གྲོས་མོལ་གནང་ཡོད།
སྐབས་དེར་ཕྱོགས་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། བཙན་བྱོལ་བོད་མིའི་གནས་བབ་སྐོར་གྲོས་བསྡུར་ལྷུག་པོ་གནང་བ་མ་ཟད། སྲིད་སྐྱོང་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་རྣམ་གཉིས་ནས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུའི་ཆེད་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གིས་ཚོགས་ཁང་གཡར་བར་ཐུགས་རྗེ་ལེགས་འབུལ་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་བཅར་འདྲིར་དང་བཞེས་གནང་ཡོད།བཅར་འདྲི་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རང་དབང་ཁང་པའི་ཨེ་ཤི་ཡ་མངའ་ཁུལ་གྱི་འགན་འཛིན་ཀེ་མ་རན་པ་ཡིབ་ (Camaran Pipes) ལགས་དང་། རྒྱ་ནག་དང་ཧོང་ཀོང་། ཐའེ་ཝན་ཁུལ་གྱི་ཉམས་ཞིབ་སྡེ་ཚན་འགན་འཛིན་ཡ་ཁུ་ཝང་ (Yaqiu Wang) ལགས་དང་མཇལ་མོལ་གནང་ཞིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མཚོན་པའི་མི་རིགས་ཀྱི་ངོ་བོ་རྒྱ་ནག་གི་རྣམ་པ་ཅན་དུ་བཙན་སྒྱུར་གཏོང་བཞིན་པའི་གནས་སྟངས་དང་། དེ་ལ་བརྟེན་ནས་མཇུག་འབྲས་ཇི་ཡོང་སྐོར་གྲོས་མོལ་གནང་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་རྒྱས་བཅད་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་པོལ་གྷོ་རོབ་ (Paul Grove) ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་འབྲེལ་ལས་བསྟན་འཛིན་ནོར་བཟང་ལགས་ཀྱང་ལྷན་བཅར་ཞུས་ཡོད།ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་ཕྱི་དྲིལ་ལས་དོན་ཚོགས་ཆུང་གི་ལས་ཁྱུར་ཚོགས་གཙོ་སྐུ་ཞབས་མ་ཧི་ཀལ་མེ་ཀོལ་ (Michael McCaul) མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དཀྱེལ་ཆེའི་དགོངས་གཞི་ལ་ཆེ་བསྟོད་ཡི་རང་ཞུས་པའི་ཐོག རང་གི་ཁེ་ཕན་བློས་བཏང་སྟེ་གཞན་གྱི་བདེ་དོན་ཆེད་ལས་དོན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་བ་དང་ཆབས་ཅིག གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གསར་བསྐོས་ཚོགས་གཙོ་བྷེ་རེན་མ་སི་ (Brian Mast) ལགས་ལ་དགའ་བསུ་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གསར་པ་སྐུ་ཞབས་བྷེ་རེན་མ་སི་ལགས་སུ་འཚམས་འདྲིའི་མཇལ་འཕྲད་ཞུས་ཡོད་པ་བཅས།།