༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག ཉིན་གྲངས་གསུམ་རིང་ས་རཱ་མཐོ་རིམ་སློབ་གཉེར་ཁང་དུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་ཟབ་སྦྱོང་གནང་ཡོད།
ཟབ་སྦྱོང་སྐབས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་། འཕེལ་རིམ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ། བོད་ཀྱི་ཁྲིམས་དོན་གནས་བབ་སྐོར་སློབ་སྟོན་དང་བགྲོ་གླེང་གནང་ཡོད། དེ་ལྟར་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་རྣམས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དང་འཕེལ་རིམ། གྲུབ་འབྲས། བོད་ཀྱི་ལོ་རྒྱུས་གནས་བབ། ད་ལྟའི་བོད་ནང་གྱི་གནས་སྟངས་སོགས་དང་འབྲེལ་བའི་སྐོར་ལ་དོ་སྣང་དང་བགྲོ་གླེང་གནང་ཡོད།