༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣་་་༢༤ ལོའི་རྩིས་ཁྲ་ཁག་ལ་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་ནས་ཟླ་བ་གཉིས་དང་ཕྱེད་ཀ་ལྷག་ཙམ་རིང་རྩིས་ཞིབ་གནང་རྗེས། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༡ ཉིན་ལས་དོན་ཡོངས་སུ་ལེགས་གྲུབ་ཀྱིས་མཇུག་བསྒྲིལ་གནང་ཡོད།
དེ་ཡང་རྩིས་ལོ་ ༢༠༢༣་་་༢༤ ལོའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་མ་ལག་དང་བཅས་པའི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་དང་། ཚོགས་མི་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་སྒྲོལ་དཀར་ལགས། ཚོགས་མི་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ཟླ་བ་ལགས་བཅས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༣ ཉིན་ནས་ལས་དོན་དངོས་སུ་འགོ་འཛུགས་གནང་སྟེ། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༣་་་༢༤ ལོའི་རྩིས་ཁྲ་ཁག་ལ་ད་བར་ཟླ་བ་གཉིས་དང་ཕྱེད་ཀ་ལྷག་ཙམ་རིང་ཞིབ་བཤེར་དང་། འབྲེལ་ཡོད་ལས་བྱེད་ཐེངས་མང་ཆེད་འགུགས་ཀྱིས་དོགས་འདྲི་སོགས་གནང་ནས་ཚོགས་ཆུང་གི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། ལེའུ་བཞི་པ། དོན་ཚན་བཅུ་པའི་ནང་གསེས་གཉིས་པའི་དགོངས་དོན་ལྟར། དེ་རིང་སྔ་དྲོ་ཚོགས་ཆུང་གི་ཚོགས་གཙོ་དང་། ཚོགས་མི་རྣམ་པ་ལྷན་འཛོམས་ཐོག་ཚོགས་ཆུང་གི་ལས་བསྡོམས་དང་། སྙན་ཐོ་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་བརྒྱུད་ཚོགས་དྲུང་ལས་ཁུངས་སུ་ཕུལ་གནང་ཡོད་པ་བཅས། །