༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༠ ཉིན་ཨིན་ཡུལ་གྱི་རྒྱལ་ས་ལོན་ཌན་དུ་བོད་ཀྱི་ཞི་བདེ་ལྡུམ་ར་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བ་དང་སྟབས་བསྟུན་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བཅས་ཟུང་སྦྲེལ་ཐོག་སྲུང་བརྩི་ཞུས་ཡོད།
དེ་ཡང་ཉིན་མོ་དེར་ཞེ་བདེ་དང་། བྱམས་བརྩེ། རྒྱལ་སྤྱིའི་འགན་འཁུར་བཅས་ཀྱི་བསམ་བློ་གོང་མཐོར་གཏོང་རྒྱུ་གལ་ཆེན་ཞིག་ཏུ་ངོས་འཛིན་གྱིས་སྲུང་བརྩི་ཞུས་ཡོད། སྐབས་དེར་སྐྱབས་རྗེ་སླེ་ལུང་རིན་པོ་ཆེ་མཆོག་གིས་འཚེ་བ་མེད་པ་དང་། ཆིག་སྒྲིལ་གཉིས་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩ་ཡིན་པ་མ་ཟད། ལྡུམ་ར་དེའི་མཚོན་དོན་ཡང་ཡིན་ཞེས་ངོ་སྤྲོད་གནང་སྐབས་དེ་རིང་ཞི་བདེའི་ལྡུམ་ར་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་དང་ཆབས་ཆིག འགྲོ་བ་མིའི་ཐོབ་ཐང་ནི་ཞི་བདེའི་རྨང་གཞི་ལྟ་བུ་ཡིན་པ་ཤེས་ནས་མ་འོངས་བྱམས་བརྩེ་དང་དྲང་བདེན་ལྡན་པའི་མཛམ་གླིང་ཞིག་བསྐྲུན་ཐབས་འབད་བརྩོན་བྱེད་དགོས་གལ་སྐོར་གསུངས།དུས་སྟོན་ཐོག་ཧིན་དུ་དང་། སིཀ ཁ་ཆེ། ཡེ་ཤུ། ཇེའུ་བཅས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་རྣམས་མཉམ་ཞུགས་གནང་ཞིང་། འཛམ་གླིང་ཞི་བདེའི་སྨོན་ལམ་སོགས་གསུང་འདོན་གནང་ཡོད། ཕྱོགས་མཚུངས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་གྲུབ་མཚམས་ཞི་བདེ་ལྡུམ་རའི་འབྲེལ་ཡོད་རྣམས་ལ་དགའ་བསུ་ཞུས་པ་དང་འབྲེལ་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ཙམ་མ་ཡིན་པར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༩ ལོར་ཞེ་བདེ་དང་། བྱམས་སྙིང་རྗེ། མཐུན་སྒྲིལ་གྱི་དགོངས་གཞིའི་ཐོག་ནས་རབ་གནས་དང་དབུ་འབྱེད་གནང་བ་དེ་ཡིད་ལ་བཅངས་ནས་སྲུང་བརྩི་ཞུ་དགོས་ཞེས་གསུངས།
དེ་ནས་དུས་སྟོན་དེར་ཕེབས་པའི་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་རྣམ་པ་དང་། མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མ་འོངས་མཉམ་རུབ་ཐོག་ཞི་བདེ་དང་བྱམས་བརྩེའི་བསླབ་བྱ་ཁྱབ་སྤེལ་བྱ་རྒྱུའི་དམ་བཅའ་སྐྱར་ནན་དགོས་པའི་འབོད་སྐུལ་ཞུས་ཡོད། ཨིན་ཡུལ་སྐུ་ཚབ་དོན་གཅོད་དང་ལྷན་དུ་དྲུང་ལས་བསྟན་འཛིན་མཛེས་ལྡན་ལགས་ལྷན་བཅར་ཞུས་ཡོད། གཞན་ཡང་བོད་མི་མང་ཚོགས་དང་། དད་ལྡན་པ། ཡུལ་མི་སོགས་ནས་ཀྱང་དུས་སྟོན་དེར་མཉམ་ཞུགས་གནང་ཡོད།
སྤྱིར་ཞི་བདེའི་ལྡུམ་ར་ནི་ཕྱི་ལོ་ ༡༩༩༩ ལོར་དབུ་བརྙེས་ཤིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་བ་མེད་པ་དང་། བདེ་འཇགས་ཀྱི་དགོངས་གཞི་མཚོན་གྱི་ཡོད་པ་དང་། ལྡུམ་རའི་དཀྱིལ་དུ་དུས་ཀྱི་འཁོར་ལོ་དཀྱིལ་འཁོར་བཞེངས་ཡོད་པ་དེས་ཕན་ཚུན་འབྲེལ་བ་དང་། འཛམ་གླིང་འགན་ཁྲི་བཅས་མཚོན་གྱི་ཡོད་པ་བཅས།།