༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༠༢ ནས་ ༠༧ བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་སའི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ། མདུན་ལམ་སློབ་སྟོན་པ་ཡར་རྒྱས་གཏོང་ཕྱོགས་ཀྱི་བགྲོ་གླེང་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ནང་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་སོ་སོའི་བརྗོད་གཞི་བྱེ་བྲག་པ་རེའི་ཐོག་གཏམ་བཤད་དང་། ཕན་ཚུན་གོ་རྟོགས་བརྗེ་ལེན་གནང་ཡོད་ཅིང་། སྐབས་དེར་མདུན་ལམ་སློབ་སྟོན་པ་རྣམས་ནས་ནང་པའི་སེམས་ཁམས་རིག་པ་དང་། སློབ་གཉེར་བའི་རྒྱུད་ལ་ཡར་རྒྱས་གཏང་རྒྱུའི་བསམ་བློ་སྐྲུན་སྟངས། སེམས་ཁམས་འཕྲོད་བསྟེན། མདུན་ལམ་སློབ་སྟོན། སྨྱོ་རྫས་ངན་གོམས་ལས་ཐར་ཐབས། དམིག་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་ལ་རོགས་སྐྱོར་གནང་ཕྱོགས་སོགས་ཀྱི་སྐོར་གཏམ་བཤད་དང་བགྲོ་གླེང་གནང་ཡོད། དེ་དང་ཆབས་ཅིག་མདུན་ལམ་སློབ་སྟོན་པ་རྣམས་ལ་ཆེད་མཁས་མི་སྣ་ཁག་ཅིག་ནས་སློབ་ཁྲིད་གནང་ཡོད་པ་དང་། དེའི་ཁོངས་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གི་འཇམ་དབྱངས་རྒྱལ་མཚན་ལགས་ནས་ཕ་མས་བྱིས་པ་གསོ་སྐྱོང་བྱེད་ཕྱོགས་དང་། བོད་ཀྱི་རྩོད་རྙོག་འདུམ་འགྲིག་ལྟེ་ཁང་ནས་རྩོད་རྙོག་འདུམ་འགྲིག་བྱེད་ཕྱོགས། ཤེས་རིག་དྲུང་འཕར་བསྟན་འཛིན་པདྨ་ལགས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར། ཤེས་རིག་ལས་ཁུངས་ཀྱི་བསྟན་འཛིན་དཔལ་སྒྲོན་ལགས་ནས་འབྲི་ཀློག་དཀའ་ངལ་ཡོད་པའི་བྱིས་པ་རྣམས་ལ་རོགས་སྐྱོར་བྱེད་སྟངས། ཤེས་རིག་བརྡ་ཆད་ཚན་པའི་ངག་དབང་བསྟན་འཛིན་ལགས་དང་ཚེ་རིང་དོན་གྲུབ་ལགས་གཉིས་ནས་མདུན་ལམ་སློབ་སྟོན་དང་འབྲེལ་བའི་བརྡ་ཆད་ངོ་སྤྲོད་གནང་ཡོད་པ་རེད།
དེ་ཡང་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་ཤེས་རིག་དྲུང་འཕར་བསོད་ནམས་མཚོ་མོ་ལགས་ནས་མདུན་ལམ་སློབ་སྟོན་པའི་ལས་དོན་དེ་ཕྲུ་གུའི་མདུན་ལམ་ཁོ་ན་མ་ཡིན་པར། བྱིས་པའི་རྒྱུད་ལ་སྤྱི་ཚོགས་འགན་ཁུར་འཇགས་རྒྱུ་དང་། བྱིས་པའི་སེམས་ཁམས་འཕྲོད་བསྟེན་ཐོག་རོགས་སྐྱོར་བྱ་རྒྱུ་སོགས་ལ་དོ་སྣང་དགོས་པའི་ནན་བརྗོད་གནང་བའི་ཐོག རྒྱུན་ལྡན་ནས་སེམས་རྒྱུད་བཟང་པོ་དགོས་པའི་ལམ་སྟོན་གནང་རྗེས་ཤེས་རིག་མདུན་ལམ་སློབ་སྟོན་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་ནས་བགྲོ་གླེང་ཚོགས་འདུའི་དགོས་དམིགས་འགྲེལ་བརྗོད་དང་། ཚོགས་བཅར་བ་རྣམས་ནས་ཟབ་སྦྱོང་སྐབས་གང་སྦྱང་བ་དེ་དག་ལག་བསྟར་དགོས་པའི་འབོད་སྐུལ་ཞུས་ཡོད།
མཐར་ཤེས་རིག་མདུན་ལམ་སློབ་སྟོན་པ་བསྟན་འཛིན་ཆོས་ལྡན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་འབྲེལ། ལྷག་པར་ཚོགས་འདུའི་ཐོག་དཔལ་འབྱོར་རྒྱབ་སྐྱོར་གནང་མཁན་རོགས་ཚོགས་ཁག་ལ་ཐུགས་རྗེ་ཞུས་ཡོད།
ཐེངས་འདིའི་ཚོགས་འདུའི་ནང་མ་སུ་རི་བོད་ཁྱིམ་དང་། དྷ་ས་བོད་ཕྲུག་ཁྱིམ་སྡེ། སཾ་བྷོ་ཊ་བོད་སློབ་ཚོགས་པ། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་གྲངས་ ༢༨ མཉམ་ཞུགས་གནང་ཡོད་པ་བཅས།།