༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག་སུད་སི་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོན་འཛིན་གྱི་ལས་ཁུངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཁང་གི་མདུན་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། རྒྱ་ནག་གཞུང་གི་གཏན་འཇགས་སློབ་གྲྭ་མཚམས་འཇོགས་བྱེད་དགོས་པའི་ཞི་བའི་སྐད་འབོད་གནང་ཡོད།
དེ་ཡང་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོའི་ལས་ཁུངས་མདུན་དུ་ལྷན་འཛོམས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས་རུ་སྒྲིག་སྟེ་ཞི་བའི་གོམ་བགྲོད་གནང་ཡོད་པ་རེད། རྔམ་སྟོན་ཁྲོམ་སྐོར་དབུ་འཛུགས་སྐབས་སུ་སུད་སི་དོན་གཅོད་ཁང་གི་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཆེད་ཕེབས་གནང་ཡོད་པ་དང་། དེ་རྗེས་རྒྱལ་སྤྱིའི་ལྷན་ཚོགས་མདུན་ཐང་འདུ་འཛོམས་བྱས་རྗེས་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས་གནང་བ་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཅོ་དངོས་འདུན་རྒྱ་མཚོ་ལགས་ནས་འཚམས་འདྲིས་གཏམ་བཤད་གནང་ཡོད། དེ་རྗེས་རི་ཀོན་ཚོས་འཁོར་དགོན་གི་མཁན་རིན་པོ་ཆེ་དགེ་བཤེས་བསྟན་འཛིན་བྱང་ཆུབ་མཆོག་གིས་གཏམ་བཤད་གནང་།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གཏམ་བཤད་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་ཀྱིས་དང་པོ་དེ་རིང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་མི་དམངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ངོ་སྤྲོད་མདོར་བསྡུས་གནང་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༦ ཟིན་པའི་དེ་རིང་ཡིན་ཡང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་གནས་སྟངས་ཇེ་ལེགས་སུ་གཏོང་བར་ངེས་པར་ཏུ་ཤུགས་སྣོན་བྱ་དགོས་པའི་འབོད་སྐུལ་ཡང་གནང་སོང་།
སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་བསྒྲགས་གཏམ་སྤེལ་ཡོད་པ་ཐོ་མ་སི་ (Thomas Buchli) ལགས་ནས་ཀློག་གནང་ཡོད། དེ་བཞིན་ལས་འགུལ་ནང་སུད་སི་ས་གནས་འདྲ་མིན་ནས་ཡོང་བའི་མི་མང་ཉིས་བརྒྱ་ལྷག་ཙམ་དང་། སུད་སུ་གནས་བཞུགས་སྤྱི་ཟུར། དོན་གཅོད་ཁང་གི་ལས་བྱེད་སོགས་མཉམ་ཞུགས་གནང་ཡོད།
དེ་བཞིན་སུད་སི་བོད་མཐུན་གྲོགས་ཚོགས་པའི་རྒྱུན་ལས་མི་ཤེལ་ལིཊ་ཛན་བྷུར་གར་མཆོག་དང་སུད་སི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས། ཡོ་རོབ་གཞོན་ནུ་བོད་ཀྱི་མཐུན་ཚོགས་ཀྱི་ཟུར་སྦྲེལ་ཚོགས་གཙོ་ཀརྨ་བདེ་ཆེན་ལགས་སོགས་ཀྱིས་གཏམ་བཤད་སྤེལ་ཡོད་པ་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཕྱི་འབྲེལ་བ་ཀ་རྣམ་སྡེ་བ་ནས་དེ་རིང་གི་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་བྱས་ཡོད། བོད་རིགས་ཚོགས་པའི་ཚོགས་གཞོན་ཀ་རང་སྐལ་བཟང་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་ལས་འགུལ་མཇུག་སྒྲིལ་ཡོད། །