༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༠༨ ཉིན་ཉི་འོང་དུ་ཡོད་པའི་བོད་མི་རྣམས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་བའི་ཉིན་མོ་སྲུང་བརྩིའི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད།
དེ་ཡང་གྲོང་ཁྱེར་ཀྲོག་ཀྱོའི་ཨ་ས་ཀུ་ས་ཧ་ན་ཀ་ཝ་ཌོ་གླིང་གའི་(Asakusa Hanakawado Park)ནང་དུ་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཆེད་ཞི་བའི་གོམ་བགྲོད་ཚོགས་ཆུང་གི་གོ་སྒྲིག་འོག རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཆེད་སྲིད་དབང་སྒེར་སྤྱོད་པར་ངོ་རྒོལ་ཞེས་པའི་བརྗོད་གཞིའི་འོག་གཏམ་བཤད་ལས་རིམ་དང་། ཞི་བའི་གོམ་བགྲོད་གོ་སྒྲིག་ཞུས་ཡོད།
སྐབས་དེར་དཀའ་སྡུག་མྱོང་མཁན་མི་རིགས་སྣ་ཚོགས་ཀྱིས་རང་རང་གི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འགྲོ་བཞིན་པའི་དཀའ་ངལ་རྣམས་བཤད་དེ་ལས་རིམ་དེར་མཉམ་ཞུགས་གནང་ཡོད་ལ། བོད་མི་རྣམས་ཀྱང་དེར་མཉམ་ཞུགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ལ་ངོ་རྒོལ་གནང་ཡོད།
ཉི་འོང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་གཡང་འཛོམས་ལགས་ནས་ལས་འགུལ་གོ་སྒྲིག་གནང་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་གིས་བོད་མི་རྣམས་ལ་བཙན་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་འགྲེལ་བརྗོད་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ཉི་འོང་གཞུང་ནས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོང་ཐང་གི་རྩ་དོན་རྣམས་ལག་བསྟར་བྱ་རྒྱུར་སྐུལ་དེད་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད།
དེ་བཞིན་འདུ་འཛོམས་ཐོག་ནང་སོག་དང་། ཡུ་གུར། རྒྱ་རིགས། ཧོང་ཀོང་བ། འབར་མ། ཀམ་བྷོ་ཊེ་ཡ། ཡུག་རེན། ཨི་རན་གྱི་སྐུ་ཚབ་ནས་རང་རང་གི་རྒྱལ་ཁབ་ཏུ་རང་དབང་དང་མང་གཙོའི་དོན་དུ་འཐབ་རྩོད་ཀྱི་གནས་ཚུལ་རྣམས་བཤད་དེ། འཛམ་གླིང་ཡོངས་ནས་སྲིད་དབང་སྒེར་སྤྱོད་ལ་ཐུན་མོང་གིས་གདོང་ལེན་བྱེད་དགོས་པའི་སྐོར་གསུངས་ཡོད།
ཉེ་འོང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ལགས་ཀྱིས་མཉམ་ཞུགས་གནང་མཁན་ཚོར་ཐུགས་རྗེ་ཞུས་པ་དང་འབྲེལ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་གཞུང་གིས་བོད་མི་རིགས་ཀྱི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་སྐོར་གསལ་སྟོན་དང་། མཉམ་ཞུགས་བྱེད་མཁན་ཚང་མ་མཉམ་སྦྲེལ་གྱིས་རང་དབང་དང་མང་གཙོའི་དོན་དུ་འཐབ་རྩོད་བྱ་དགོས་ལ། ལྷག་པར་འཛམ་གླིང་ནང་དུ་སྲིད་དབང་སྒེར་འཛིན་པ་རྣམས་ལ་གདོང་ལེན་བྱ་དགོས་པའི་འབོད་སྐུལ་གནང་ཡོད།
གཏམ་བཤད་ལས་རིམ་རྗེས་སུ་མི་རིགས་རྒྱབ་ལྗོངས་འདྲ་མིན་ནས་ཡིན་པའི་མཉམ་ཞུགས་པ་ཚོས་མཚོན་རྟགས་དང་རྒྱལ་དར་སོགས་ཁྱེར་ཏེ་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་བཅས། །