༢༠༡༢ ཟླ་ ༣ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་ཉིན་གསུམ་པའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་བོད་བསྟན་སྲིད་དོན་དུ་འདས་གསོན་སྤྱི་དང་ཡང་སྒོས་ཉེ་ཆར་ཁལ་ཁ་རྗེ་བཙུན་དམ་པ་དགོངས་པ་གཞན་དོན་དུ་གཤེགས་པར་ཡང་སྲིད་མྱུར་བྱོན་ཡོང་བའི་གསོལ་འདེབས་དང་ཐུགས་སྨོན་སྩལ་བ།
དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་༸གོང་ས་མཆོག་གིས་དབུས་ཇོ་ནང་མ་དགོན་གཙོ་བོར་གྱུར་པའི་ཇོ་ནང་ཁོངས་གཏོགས་ཡོངས་དང་། འབྲས་སྒོ་མང་གྲྭ་ཚང་། ཧོར་ཡུལ་དགའ་ལྡན་དགོན། སེར་བྱེས་གཙང་པ་ཁང་ཚན། དགའ་ལྡན་བླ་བྲང་སོགས་དད་ལྡན་འབྲེལ་ཡོད་སློབ་བུ་ཀུན་ནས་གསོལ་འདེབས་ཞུས་དོན་ལྟར་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྲིད་མྱུར་བྱོན་གསོལ་འདེབས་སྩལ་བ་དང་སྦྲགས་ཁལ་ཁ་རྗེ་བརྩུན་དམ་པ་མཆོག་ནི་མགོན་པོ་གང་ཉིད་མཆོག་གིས་ཆོས་གྲོགས་དམིགས་བསལ་བ་ཞིག་ཡིན་སྐོར་བཀའ་སློབ་སྩལ་དོན། ངོས་རང་ཆུང་ཆུང་སྐབས་རེད། ཨ་མ་ལགས་དང་པ་ལགས་མདུན་དུ་འགྲོ་སྐབས། རྗེ་བཙུན་དམ་པ་ཁོང་དུས་དུས་སུ་ཕེབས་ཀྱི་འདུག ངོས་ཀྱིས་དེ་དུས་ནས་ཁོང་ངོ་ཤེས་ཀྱི་ཡོད། ཕལ་ཆེར་ལོ་བཅུ་གསུམ་བཅུ་བཞི་ཙམ་མིན་ནམ། འབྲས་སྤུངས་སུ་སློབ་གཉེར་རྒྱག་གི་ཡོད། ཉིན་ཞིག་རིན་པོ་ཆེའི་ཕྱག་དམར་པོ་ཆགས་འདུག་པར་ངོས་ནས་ག་རེ་བྱས་པ་ཡིན་ནམ་ཞུས་པར་ཁོང་གིས་རྒན་ལགས་ཀྱིས་ཉེས་བྱུང་ཟེར། དེ་དུས་ངོས་རང་ཡང་ཆུང་ཆུང་ཡིན་དུས་རྒན་ལགས་ཕར་ཉེས་དགོས་རེད་ཤོད་རྒྱུ་བྱུང་། དེ་ནས་རིན་པོ་ཆེ་གཙང་ཕྱོགས་སུ་ཕེབས་ཏེ་ཕྱིས་སུ་རྒྱ་གར་ལ་ཕེབས་པ་རེད། འདིར་ཕེབས་ཏེ་བོད་བསྟན་སྲིད་དོན་དག་རེད། ངོས་རང་སྒེར་ཐོག་ལའང་ཐུགས་མཐུན་རྩེ་གཅིག་རེད།
ངོས་ཀྱི་ལོ་རྒྱུས་བཤད་ན་ལམ་སེང་སྤྱན་ཆབ་སིལ་གྱི་རེད། དམིགས་བསལ་གྱི་ཆོས་གྲོགས་ཡིན། ལོ་སྔོན་མ་དེར་རིན་པོ་ཆེ་གང་ཙམ་སྙུང་ཏེ་སྡུག་པོ་ཆགས་ཡོད། རིན་པོ་ཆེས་ག་པར་གཤེགས་དགོས་རེད། ངོས་ལ་ཚུར་ལན་ཞིག་འབྱོར་བྱུང། ན་ནིང་རིན་པོ་ཆེ་མཇལ་འཕྲད་མཐའ་མ་དེ་རེད། དེ་དུས་རིན་པོ་དགུང་ལོ་ཡར་གང་ཙམ་ཕེབས་ཚར་བ་རེད། རིན་པོ་ཆེ་ཡང་སྲིད་སོག་ཡུལ་རང་དུ་བསྟན་འགྲོའི་ཕན་བདེ་སྒྲུབ་མཁན་ཞིག་གི་བྱོན་རྒྱུའི་ཐུགས་སྨོན་གནང་དགོས་རེད་ཅེས་ཞུས་པ་ཡིན། ཁ་སང་རིན་པོ་ཆེས་ཚུར་ལན་ཞིག་གནང་སྟེ་གཤེགས་ས་ག་པར་གཤེགས་དགོས་རེད། ག་དུས་གཤེགས་དགོས་རེད། ཅེས་པར་ངོས་ཀྱིས་ཧམ་པ་བྱས་ཏེ་གཤེགས་ས་སོག་ཡུལ་ལ་གཤེགས་དགོས་རེད། གཤེགས་རྒྱུའི་དུས་ཚོད་དེ་ལོ་མཇུག་དེར་མ་གཤེགས་པར་ལོ་གསར་ནས་གཤེགས་ཞེས་འགྲེལ་བརྗོད་བྱས་པ་ཡིན། ཏག་ཏག་རེད་ལོ་གསར་བོད་ཚེས་བརྒྱད་ཉིན་གཤེགས་འདུག སྐུ་གཟུགས་ཧ་ཅང་སྐྱོ་པོ་ཆགས་ནས་སྨན་པ་ཚོས་ཧ་ལམ་རེ་བ་མེད་པའི་བཟོ་འདྲ་ཞིག་བརྗོད་འདུག ཕན་བདེའི་འདུན་པ་དེ་ཤུགས་ཆེན་པོ་ཞིག་ཡོད་པ་དང་ཐུགས་དམ་ཉིན་ཁ་ཤས་བཞུགས་པ་རེད།
ཁ་སང་ཟམ་གདོང་རིན་པོ་ཆེ་ཕར་ཆེད་མངགས་བཏང་བར་ལྟར་སོག་ཡུལ་དུ་ཁ་སང་ཕྱི་དྲོ་འབྱོར་བ་རེད། ཁ་སང་སྔ་དྲོ་ཞལ་ནས་མར་བྱང་འབུ་བཟོ་འདྲ་ཕྲན་བུ་མར་བབ་ཡོང་གི་འདུག་ཅེས་དང་། དངོས་གཞིའི་ཐུགས་དམ་གྲོལ་མི་འདུག ཟམ་གདོང་རིན་པོ་ཆེ་ཕར་འབྱོར་རྗེས་སྙན་ཤལ་ཞིག་ཕུལ་བ་དང་ལམ་སེང་བྱང་སེམས་དཀར་དམར་འཛག་སྟེ་ཐུགས་དམ་གྲོལ་འདུག ངོས་གཉིས་ཆོས་གྲོགས་དམ་ཚིག་གཙང་མ་ཡིན་ལ་དངོས་གནས་མི་འདྲ་བ་ཞིག་བྱུང་འདུག ཕྱིན་ཆད་ཡང་སྲིད་ཡག་པོ་ཞིག་ཕེབས་ཀྱི་རེད་ལ་རིན་པོ་ཆེ་སྐུ་གོང་མ་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་སློབ་གཉེར་བསྐྱོན་པ་རེད། ཕྱིན་ཆད་ཡང་སྲིད་དེ་ཡང་དགུང་ན་ཕེབས་པའི་སྐབས་ལ་འབྲས་སྤུངས་སྒོ་མང་ལ་སློབ་གཉེར་གནང་སྟེ་སློབ་གཉེར་རྩེར་སོན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ལྟར་གཞུང་སྤྱིའི་ཐོག་གོ་བ་ཆ་ཚང་ཆགས་ཐུབ་པ་ཞིག་དང་། མྱུར་བྱོན་གསོལ་འདེབས་ནང་བཀོད་པ་ལྟར་མཁས་བཙུན་བཟང་གསུམ་ཡག་པོ་ཞིག་ཡོང་རྒྱུར་ཚང་མས་སྨོན་ལམ་རྒྱག་དགོས། མ
ཚམས་འདི་ནས་བསྟན་འབར་མ་འདོན་རྒྱུ་ཡིན། དེ་ནས་བདེ་བ་ཅན་གྱི་སྨོན་ལམ་འདོན་སྐབས་དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཧ་ལས་པའི་ཐབས་སྐྱོ་པོ་རེད། སེ་རི་ཡའི་ནང་ལ་ཆ་བཞག་ན། སྐྱབས་མེད་དགོན་མེད་མང་པོ་ཞིག་ཧ་ལས་པའི་སྡུག་བསྔལ་མྱོང་བཞིན་འདུག དེ་བཞིན་བོད་ནང་ལ་ཆ་བཞག་ན་ཧ་ལས་པའི་སྡུག་བསྔལ་མྱང་གི་ཡོད། འདས་གསོན་ཚང་མའི་ཆེད་དུ་བདེ་བ་ཅན་གྱི་སྨོན་ལམ་གསུང་པའི་སྐབས་ཚང་མས་ཐུགས་སྨོན་ཡག་པོ་གནང་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་ཐུགས་སྨོན་རྒྱ་ཆེ་མཛད་ཡོད་པ་བཅས། །