༢༠༡༢ ཟླ་ ༣ ཚེས་ ༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༦ ཉིན་རྡ་སའི་ཉེ་འགྲམ་ས་རཱ་མཐོ་སློབ་ཏུ་རྡ་ས་རིགས་སློབ་དང་ཨ་རིའི་ཨེ་མོ་རི་མཐོ་སློབ་དབར་ཤེས་ཡོན་བརྗེ་ལེན་གྱི་འབྲེལ་བ་བྱུང་ནས་ལོ་ངོ་ ༡༢ འཁོར་བའི་དུས་ཆེན་གྱི་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་མགྲོན་གཙོ་བོ་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཨེ་མོ་རི་མཐོ་སློབ་ཀྱི་ངེས་སྟོན་པ་ཇེམ་སེ་ཝ་ནར་ (James Wagner)དང་སློབ་སྤྱིས་གཙོས་འབྲེལ་ཡོད་སྐུ་ཚབ་དང་ཨེ་མོ་རི་སློབ་ཟུར་ཁག་གཅིག བོད་མི་མང་སྤྱི་འཐུས་ཁག་གཅིག དྲིལ་བསྒྲགས་དྲུང་ཆེ་བཀྲིས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས། རིགས་སློབ་རྒན་དམ་པའི་ཡང་སྲིད་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་དབུས་རིགས་སློབ་མ་ལགས་གཉིས་ཀྱི་དབུ་འཛིན་གཙོས་དགེ་ལས་སློབ་ཕྲུག དགོན་པ་གྲྭ་ཚང་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༤༠༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་དང་ཨེ་མོ་རི་མཐོ་སློབ་ཀྱི་ངེས་སྟོན་པ་རྣམ་གཉིས་ནས་སྒྲོན་མེ་ཞལ་ཕྱེ་གནང་རྗེས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་རིགས་སློབ་དབུ་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་ཨེ་མོ་རི་མཐོ་སློབ་ཀྱི་དགེ་ཆེ་(Dr. Bobby Paul) ངོ་སྤྲོད་དང་འབྲེལ་ཕེབས་བསུའི་གསུང་བཤད་གྲུབ་བསྟུན་ཨེ་མོ་རི་སློབ་ཕྲུག་གི་མགྲིན་ཚབ་པ་(Dr.Tara Nancy Doyle )དང་ཕྱི་ལོ་ ༢༠༠༡ ལོའི་སློབ་ཟུར་གཉིས་ནས་ཉམས་མྱོང་ངོ་སྤྲོད་གསུང་བཤད་རྗེས་ཨེ་མོ་རི་མཐོ་སློབ་ཀྱི་ངེས་སྟོན་པ་( James Wagner) ལགས། བོད་དང་ཨེ་མོ་རི་མཐུན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ངེས་སྟོན་པ་ཁོང་ངོ་སྤྲོད་གནང་རྗེས་ངེས་སྟོན་པས་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན། ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་མགྲོན་གཙོ་བོ་ (James Wagner )མཆོག་དང་ལྕམ་སྐུ་མཆོག་ལ་འཚམས་འདྲི་ཞུ་རྒྱུ་ཡིན། དེ་བཞིན་(Robert Paul) མཆོག་གིས་ཤེས་ཡོན་བརྗེ་ལེན་འདི་འགོ་འཛུགས་གནང་བར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། གོང་དུ་གསུང་གནང་མཁན་ཚང་མས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་བླ་ན་མེད་པ་ཞིག་རེད་ཅེས་གསུངས་སོང། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ཚགས་ཚུད་བྱུང་བ་དེ་དག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་མི་རབས་གོང་མ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། ༸གོང་ས་མཆོག་གི་ཐུགས་དགོངས་ལྟར་ང་ཚོས་ད་བར་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་རྒྱུན་མཐུད་སྲུང་སྐྱོབ་བྱེད་ཐུབ་ཡོད། དེ་བཞིན་བོད་ནང་རྒྱ་ནག་གཞུང་ནས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན་བོད་ནང་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་རང་དབང་མེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་ས་རཱ་མཐོ་སློབ་ཀྱི་དྲུང་ཡིག་པ་སངས་ཚེ་རིང་ལགས་ཀྱི་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
སྤྱིར་བཏང་ཕྱི་ལོ་ ༢༠༠༡ ལོར་རྡ་ས་རིགས་སློབ་དང་ཨ་རིའི་ནང་གཏན་གཞི་བྱས་པའི་ཨེ་མོ་རི་མཐོ་སློབ་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་འགོ་ཚུགས་བྱུང་སྟེ་ཕྱི་ལོ་ ༢༠༠༧ ལོར་ཨེ་མོ་རི་མཐོ་སློབ་ཀྱི་འཛིན་སྐྱོང་དབུ་ཁྲིད་རྣམས་ཀྱི་༸གོང་ས་མཆོག་མཇལ་ཁ་ཞུས་ཏེ་གྲ་རྒྱས་སུ་ཕྱིན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་། ནུབ་ཕྱོགས་པའི་རིག་གནས་གཉིས་དབར་བརྗེ་ལེན་གྱི་ལས་གཞི་དོན་སྙིང་ལྡན་པའི་ཕན་འབྲས་ལ་སོང་རང་རེའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་སུ་ཕན་འབྲས་འཐོན་རྒྱུའི་རེ་བ་གནང་འདུག་པ་བཅས། །
རྡ་ས་རིགས་སློབ་དང་ཨེ་མོ་རི་མཐོ་སློབ་དབར་ཤེས་ཡོན་བརྗེ་ལེན་གྱི་འབྲེལ་བ་བྱུང་ནས་ལོ་ངོ་ ༡༢ འཁོར་བའི་མཛད་སྒོ་ཚོགས་པ།
གསར་གནས།
འབྲེལ་གནས།