༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉེ་ལམ་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་བོད་དོན་ཞུ་གཏུག་གི་མཛད་འཆར་སྤེལ་ཡོད་པ་ལྟར། པོར་ཅུ་གྷལ་ནང་དུ་ཐེངས་དང་པོ་ཆེད་ཕེབས་ཀྱིས་གནད་ཡོད་དཔོན་རིགས་དང་མཇལ་འཕྲད་གནང་ཡོད་ཅིང་། གཞུང་འབྲེལ་ཕྱོགས་ཕེབས་དེ་ཉིད་ནི་སྐབས་བཅུ་དྲུག་པའི་བཀའ་ཤག་ངོས་ནས་བོད་དོན་ཞུ་གཏུག་དང་དྲིལ་བསྒྲགས་ཀྱི་ལས་འགུལ་སྔར་ལྷག་སྤེལ་རྒྱུའི་ལས་དོན་གྱི་ཆ་ཤས་ཤིག་ཏུ་འགྱུར་ཡོད་པ་རེད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་པོར་ཅུ་གྷལ་དུ་ཐེངས་དང་པོ་ཆེད་ཕེབས་སྐབས་པོར་ཅུ་གྷལ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མི་མཇལ་མོལ་གནང་ཡོད་པ་དང་། དེའི་ཁོངས་སུ་ཆབ་སྲིད་ཚོགས་པ་ (Social Democrat Party) ཡི་གྲོས་ཚོགས་འཐུས་མི་རེ་གྷི་ན་བྷས་ཏོ་སི་ (Regina Bastos) ལགས་དང་། བྷུ་རུ་ནུ་བེན་ཏུ་ར་ (Bruno Ventura) ལགས། (LIVRE) ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་རུ་ཧི་ཏ་བ་རི་སི་ (Rui Tavares) ལགས། (People Animals Nature) ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་ཊི་ས་ཧུ་ས་རིལ་ (de Sousa Real) ལགས། (Liberal Initiative Party) ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་རོ་ཊི་ཀོ་ར་རའི་བ་(Rodrigo Saraiva) ལགས་དང་མཇལ་འཕྲད་ཀྱིས་བོད་དོན་སྤྱི་དང་། ཡང་སྒོས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་སྐུལ་གནང་ཡོད།
མཇལ་མོལ་སྐབས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་དང་། ལྷག་པར་པོར་ཅུ་གྷལ་ངོས་ནས་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལྷན་དུ་ཚོང་འབྲེལ་བྱ་རྒྱུར་དོགས་ཟོན་གནང་བཞིན་པའི་སྐབས་སུ་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་པའི་རེ་སྐུལ་ཞུས་པ་དང་སྦྲགས། རྒྱ་ནག་གི་དྲག་རྩུབ་ཇེ་ཆེར་འགྲོ་བཞིན་པའི་སྐབས་ཞི་བའི་ལམ་ནས་གདོང་ལེན་བྱེད་པའི་ཐབས་ལམ་གཅིག་པུ་ནི་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་ཉུང་དུ་གཏང་རྒྱུ་དེ་ཡིན་པ་གསལ་སྟོན་དང་། བོད་མི་ཚོས་རྒྱ་ནག་གི་ཡར་རྒྱས་ལ་ངོ་རྒོལ་བྱེད་ཀྱི་མེད་ཀྱང་། རྒྱ་ནག་གཞུང་ནས་མང་གཙོའི་རིན་ཐང་ལ་རྡོག་རོལ་བཏང་སྟེ་སྲིད་དབང་སྒེར་འཛིན་གྱི་ལམ་ནས་བོད་མི་ཐེ་བའི་རྒྱ་ནག་གི་དྲག་གནོན་འོག་ཡོད་པའི་མི་རིགས་ལ་གཉའ་གནོན་གཏོང་བཞིན་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གི་མཛད་འཆར་ཟིན་མ་ཐག་རྒྱ་ནག་གཞུང་ཚབ་ཁང་ངོས་ནས་དེ་ལ་དགག་བྱ་བྱས་ཡོད་པ་རེད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་པོར་ཅུ་གྷལ་ནང་གི་སྙན་གྲགས་ཆེ་བའི་གསར་ཁང་ལུ་ས་ (Lusa) དང་ཨེག་སི་པྲེ་རེ་སོ་ (Expresso) གཉིས་ཀྱི་བཅར་འདྲིར་དང་ལེན་གནང་སྟེ། ང་ཚོས་སྲིད་གཞུང་ཁག་ལ་ང་ཚོས་བཤད་པ་ལྟར་འཕྲལ་དུ་ལངས་ཕྱོགས་བཟུང་དགོས་པའི་རེ་འདུན་བཏོན་གྱི་མེད། འོན་ཀྱང་ང་ཚོས་བཤད་པ་དེ་དག་བདེན་པ་ཡིན་མིན་ཞིབ་འཇུག་གནང་རོགས། གལ་སྲིད་བདེན་པ་ཡིན་པ་ཤེས་ན། རྒྱལ་སྤྱིའི་བདེ་འཇགས་ཆེད་མང་གཙོའི་ཕྱོགས་བཟུང་རྒྱུ་ཡིན་ནམ། ཡང་ན་སྲིད་དབང་སྒེར་འཛིན་པའི་ཕྱོགས་བཟུང་རྒྱུ་ཡིན་ནམ་ཐག་གཅོད་བྱ་དགོས། ཞེས་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལི་སི་བྷོན་དུ་གནད་ཡོད་མི་སྣ་མཇལ་འཕྲད་སྐབས་རྒྱ་ནག་གཞུང་གི་དབང་སྒྱུར་འོག་བོད་མིའི་ཆོས་དང་རིག་གཞུང་ངོ་བོ་བཅས་པ་རྩ་མེད་དུ་འགྲོ་ཉེན་ཆེ་བའི་སྐོར་དང་། ལྷག་པར་བཙན་བྱོལ་ནང་གི་བོད་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་མིའི་ཆོས་རིག་དང་འཐབ་རྩོད་རྒྱུན་འཛིན་གནང་བཞིན་ཡོད་པ་གསལ་བཤད་གནང་ཡོད།
གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་རྗེས་ (Liberal Initiative Party) ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་རོ་ཊི་ཀོ་ར་རའི་བ་ལགས་ཀྱིས་གྲོས་ཚོགས་དང་གཞུང་འབྲེལ་ཐོག་ནས་བོད་མི་མང་གི་བདེན་དོན་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་པའི་རགས་ཟིན་གྲོས་འཆར་འཆར་འབུལ་ཞུ་རྒྱུ་ཡིན་པ་གསུངས་ཡོད། དེ་སྔོན་ཡང་སྲིད་དོན་ཚོགས་པ་དེ་ཉིད་ནས་པོར་ཅུ་གྷལ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྒྱ་ནག་གི་བཙན་བཟུང་བྱས་ནས་ལོ་ངོ་ ༢༩ འཁོར་བའི་དུས་དྲན་ཉིན་བློ་འཚབ་ཀྱི་རྣམ་འགྱུར་བསྟན་གནང་ཡོད།
ལི་སི་བྷོན་དུ་བཞུགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཨ་རིའི་གཞུང་ཚབ་གཞོན་པ་ཌག་ལ་སི་ཀོ་ནི་ (Douglas Koneef) ལགས་ཀྱིས་ཟླ་བ་ ༡༡ ཚེས་ ༡༤ ཉིན་ཨ་རིའི་གཞུང་ཚབ་ཁང་དུ་སྣེ་ལེན་མཇལ་འཕྲད་གནང་ཡོད་ལ། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་པོར་ཅུ་གྷལ་ཆོས་ལུགས་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་དྲང་ཁྲིམས་བློན་ཆེན་ཟུར་པ་སྐུ་ཞབས་བེ་ར་ཇར་ཌིམ་(Vera Jardim)མཆོག་ལྷན་དུའང་མཇལ་མོལ་གནང་ཡོད། སྐུ་ཞབས་བེ་ར་ཇར་ཌིམ་མཆོག་གིས་དེ་སྔོན་ཕྱི་ལོ་ ༢༠༠༡ དང་ ༢༠༠༧ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོར་ཅུ་གྷལ་དུ་ཆིབས་སྒྱུར་སྐབས་མཇལ་འཕྲད་ཞུས་མྱོང་ཡོད།
དེ་མཚུངས་སྲིད་སྐྱོང་མཆོག་གིས་པོར་ཊོ་གྲོང་ཁྱེར་དུ་བཞུགས་པའི་སྤྱི་ཚོགས་དང་ཆབ་སྲིད་ཞིབ་འཇུག་པ་སྐུ་ཞབས་པའོ་ལོ་མོ་རེ་སི་ (Paulo Morais) ལགས་དང་། སློབ་དཔོན་བ་ཏ་ལ་ཧ་(Batalha) ལགས་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་ཅིང་། སྐུ་ཞབས་མོ་རི་སི་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོར་ཅུ་གྷལ་དུ་གདན་འདྲེན་ཞུ་རྒྱུར་ཞབས་འདེགས་ཆེན་པོ་ཞུས་ཡོད་པ་རེད།
ཕྱོགས་ཕེབས་སྐབས་དཔལ་ལྡན་སྲིད་སྐྱོང་ལྷན་དུ་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།