༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༡ ཉིན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཆོས་རིག་ལས་ཁུངས་ཀྱི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ལས་གཞི་ངོ་སྤྲོད་ཞུས་ཡོད།
དེ་ཡང་ཐོག་མར་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་པྲོ་ཕེ་སར་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་དང་མཇལ་འཕྲད་ཀྱིས་ལས་གཞིའི་འགྲེམས་ཡིག་ཕུལ་ཏེ་ལས་གཞི་དང་འབྲེལ་བའི་སྐོར་འགྲེལ་བརྗོད་ཞུས། དེ་ནས་ཉམས་ཞིབ་སྡེ་ཚན་ལྔ་སྟེ། བསྐྱར་གསོ་སྡེ་ཚན་དང་། ཕབ་སྒྱུར་སྡེ་ཚན། ཆེས་དཀོན་པའི་གསུང་རབ་ཉམས་ཞིབ་སྡེ་ཚན། ཚིག་མཛོད་སྡེ་ཚན། རྩོམ་རིག་སྡེ་ཚན་བཅས་ཀྱི་འགན་འཛིན་པྲོ་ཕེ་སར་དགེ་བཤེས་བློ་བཟང་རྡོ་རྗེ་རབ་གླིང་ལགས་དང་། ཌོག་ཊར་འཕྲིན་ལས་ཤྴ་ནི་ལགས། པྲོ་ཕེ་སར་པདྨ་བསྟན་འཛིན་ལགས། དགེ་བཤེས་བེ་རི་འཇིགས་མེད་ལགས་བཅས་དང་ལས་བྱེད་རྣམས་ལ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་ཞིབ་ཕྲ་ངོ་སྤྲོད་ཞུས་ཡོད།
ཉིན་རྒྱབ་སློབ་གཉེར་ཁང་གི་ཞི་འཚོ་དཔེ་མཛོད་དུ་དཔེ་མཛོད་དོ་དམ་པ་སློབ་དཔོན་ལྷག་པ་ཚེ་རིང་ལགས་དང་། དཔེ་མཛོད་ལས་བྱེད་རྣམས་ལ་ལས་གཞི་ངོ་སྤྲོད་ཀྱིས་གོ་རྟོགས་སྤེལ་ཡོད། ལས་གཞི་ངོ་སྤྲོད་རེ་རེའི་མཇུག་ཏུ་དྲི་བ་དྲིས་ལན་གྱི་དུས་ཚོད་འདང་ངེས་ཕུལ་ཐོག དེ་གར་ལས་གཞིའི་གོ་རྟོགས་གང་ལེགས་སྤེལ་ཐུབ་པ་བྱུང་ཡོད།། །།