༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཡུ་རོབ་ལུག་སཾ་བྷོག་རྒྱལ་ཁབ་ཏུ་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༩ སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་ལུག་སཾ་བྷོག་གྲོས་ཚོགས་ཕྱི་སྲིད་ཚོགས་ཆུང་གི་ཚོགས་གཙོ་དང་། བྷེ་ཀྲམ་བྷོག་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་གཅིག་ལྕོགས་སྐུ་ཞབས་གྷུ་སི་ཊི་ གྷ་ར་སེ་ (Mr. Gusty Graas) ལགས་མཇལ་འཕྲད་ཀྱིས་སྤྱི་ལྷན་གྱི་ཕྱག་རྟགས་དང་། ཚོགས་གཙོའི་མཚན་རྟགས་འཁོད་པའི་ཞུ་སྙན། ༸གོང་ས་མཆོག་གི་ཕྱག་དེབ། སྤྱི་ལྷན་ངོ་སྤྲོད། ཞྭ་སྒབ་པའི་ཕྱི་བསྐྱོད་ལམ་ཡིག་སོགས་ཕུལ་བ་དང་། རྒྱ་ནག་དམར་པོའི་གཞུང་གིས་བོད་བཙན་བཟུང་བྱས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་འབུམ་གཅིག་མ་ཟིན་ཙམ་བཙན་བྱོལ་དུ་གྱར་དགོས་ཐུག་པ་དང་། གཞིས་ལུས་བོད་མི་རྣམས་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་སྐོར་སྙན་གསན་དང་། བོད་ནི་བཙན་བཟུང་འོག་གནས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་བ་ལས་རྒྱ་ནག་གི་ཆ་ཤས་སུ་ངོས་བཞེས་གནང་ཐབས་མེད་པའི་སྐོར། ཡུ་རོབ་མཉམ་འབྲེལ་ལམ་བྱེ་བྲག་རྒྱལ་ཁབ་སོ་སོ་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་ཀྱི་གྲོས་ཆོད་དམ་ཁྲིམས་འཆར་གཏན་འབེབས་གནང་ཐབས་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་འཛུགས་ཡོང་ཐབས། རྒྱ་ནག་གིས་བོད་ནང་ཡར་རྒྱས་ཕྱིན་ཡོད་པའི་རྣམ་པ་སོགས་དྲིལ་བསྒྲགས་རྫུན་མའི་རིགས་སྣ་ཚོགས་ཁྱབ་སྤེལ་བྱེད་ཀྱི་ཡོད་ཀྱང་དོན་དངོས་བོད་མི་རྣམས་ལ་ཉིན་རེའི་འགྲོ་བསྐྱོད་དང་གཞི་རྩའི་རང་དབང་གི་ཐོབ་ཐང་གང་ཡང་མེད་པའི་སྐོར། རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་གནས་སྤོའི་སྲིད་བྱུས་དང་། བོད་མིའི་རིགས་རྫས་བསྡུ་ལེན་བྱེད་དགོས་པའི་རྒྱུ་མཚན། བོད་ཕྲུག་རྣམས་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཙན་གྱིས་གཏོང་བཞིན་པའི་དམིགས་ཡུལ་སོགས་ཀྱི་སྐོར་ལ་ཕན་ཚུན་བཀའ་མོལ་ལྷུག་པོ་བྱུང་བ་མ་ཟད། ཁོང་ནས་ཀྱང་ཕྱི་དྲིལ་ལས་དོན་ཚོགས་ཆུང་སོགས་ཀྱི་ནང་བོད་དོན་སྐོར་གླེང་སློང་གནང་རྒྱུའི་ཞལ་བཞེས་ཐོབ་ཡོད་འདུག
སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་ཁྲིམས་རྩོད་པ་དང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་སྐུ་ཞབས་ཇི་མི་ སི་ཊིན་ མ་ཡེར་ (Mr. Jimmy Stryhn Meyer) ལགས་ཀྱིས་སྣེ་ཤན་གནང་བའི་ཐོག་ཡུ་རོབ་སྤྱི་མཐུན་གྱི་ཆེས་མཐོའི་ཁྲིམས་ཁང་ (COURT OF JUSTICE OF THE EUROPEAN UNION) གི་སྡེ་ཚན་ཁག་ལ་གཟིགས་སྐོར་དང་། ཁོང་ཕྱི་ལོ་ ༡༩༩༤ ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འབྲེལ་བ་ཆགས་པ་ནས་བཟུང་ད་བར་བོད་དོན་སྐོར་ལ་རྒྱབ་སྐྱོར་མུ་མཐུད་གནང་མཁན་ཞིག་ཡིན་འདུག་པ་མ་ཟད། ད་དུང་ཡང་བོད་དོན་སྐོར་ལ་ཁོང་གི་ཕྱོགས་ནས་རྒྱབ་སྐྱོར་སྔར་ལྷག་གནང་ཐབས་ཇི་དགོས་བཀའ་འདྲི་གནང་བ་ཁག་ལ་སྐབས་བསྟུན་གྱི་རེ་སྐུལ་ཞིབ་ཕྲ་ཞུ་རྒྱུའི་གོ་སྐབས་ཐོབ་འདུག
ཕྱི་དྲོ་ཆུ་ཚོད་ ༢།༡༥ ནས་ལུག་སཾ་བྷོག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་སྐུ་ཞབས་ཌེ་ཝི་ཌི་ པེ་རེ་རཱ་ (Mr. David Perreira) མཆོག་དང་། དྲ་རྒྱ་དང་འབྲེལ་བའི་གནད་དོན་ཁག་གི་འགན་ཁུར་བ་དང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་མི་ལྕམ་སྐུ་མོར་གྷན་ (Ms. Morgane Gury) ལགས་རྣམ་གཉིས་མཇལ་འཕྲད་ཀྱིས་སྤྱི་ལྷན་གྱི་ཕྱག་རྟགས་དང་། ༸གོང་ས་མཆོག་གི་མཛད་རྣམ་སོགས་ཡིག་ཆའི་རིགས་རྣམས་འབུལ་ལམ་ཞུས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར། གཏེར་ཁ་སྔོག་འདོན་དང་ཆུ་མཛོད་འཛུགས་སྐྲུན་སོགས་ཀྱིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་རྒྱ་ནག་གཞུང་ནས་གཏོར་སྐྱོན་ཇི་ལྟར་བཏང་དང་གཏོང་བཞིན་པའི་སྐོར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་གིས་དབུས་བོད་མི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར། བོད་མི་རང་ལུས་མེར་སྲེག་གཏོང་གནང་མཁན་རྣམས་ཀྱི་དགོས་འདུན་དང་ནང་མི་སོགས་འབྲེལ་ཡོད་རྣམས་ལ་རྒྱ་གཞུང་ནས་དཀའ་ངལ་ཇི་ལྟར་སྤྲད་ཀྱི་ཡོད་པའི་སྐོར། བཅའ་སྡོད་སློབ་གྲྭའི་གནས་སྟངས་སྐོར་སོགས་སྙན་གསན་ཞུས་ནས། གོང་གསལ་གནད་དོན་ཁག་སེལ་ཐབས་ཀྱི་འབོད་སྐུལ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གླེང་སློང་ཡོང་ཐབས། བོད་ནང་དུ་རང་དབང་ལྡན་པའི་རྟོག་ཞིབ་སྐུ་ཚབ་ཆེད་ཕེབས་གནང་ཡོང་བའི་སྐོར་སོགས་ཕན་ཚུན་གླེང་མོལ་ཞིབ་ཕྲ་བྱུང་འདུག
ཕྱི་དྲོ་ཆུ་ཚོད་ ༤།༠༠ ནས་ལུག་སཾ་བྷོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པེ་རེ་རཱ་ (Mr. Pierre) མཆོག་གིས་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་དང་། བོད་དོན་ལ་དོ་སྣང་ཅན་གཞུང་འབྲེལ་མིན་པའི་འགན་ཁུར་བ་སོགས་ཀྱི་ལྷན་བཞུགས་མོལ་གནང་སྟེ་ཁོང་རྣམ་པས་ད་བར་ཕྱག་ལས་ཇི་གནང་སྐོར་དང་། མ་འོངས་པར་བོད་དོན་རྒྱབ་སྐྱོར་གནང་ཕྱོགས་དང་གཞོན་སྐྱེས་ནང་བོད་དོན་རྒྱབ་སྐྱོར་བ་གསར་པ་ཞུགས་ཕྱོགས་སྐོར་བཀའ་མོལ་ཞིབ་ལྷུག་བྱུང་འདུག ཁོང་རྣམས་ལ་སྤྱི་ལྷན་གྱི་ཕྱག་རྟགས་དང་ཡིག་ཆ་གཞན་ཁག་ནས་འབུལ་ལམ་ཞུས།
ལུག་སཾ་བྷོག་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Friends of Tibet, Luxembourg) ནི། ཕྱི་ལོ་ ༡༩༩༥ ལོར་གསར་འཛུགས་དང་། ཕྱི་ལོ་ ༡༩༩༦ ལོར་གཞུང་ཁོངས་མིན་པའི་ཚོགས་པའི་ངོ་བོར་ (Les Amis du Tibet) ཞེས་པའི་ཚོགས་པ་དེབ་སྐྱེལ་ཡོད་པ་ཞིག་ཡིན་འདུག་པ་དང་། ཚོགས་པའི་ལས་དོན་གཙོ་བོ་ལུག་སཾ་བྷོག་རྒྱལ་ཁབ་ནང་བོད་དོན་དྲིལ་བསྒྲགས་གནང་རྒྱུས་མཚོན་བོད་དང་རྒྱ་གར། དེ་བཞིན་བལ་ཡུལ་བཅས་ནང་སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ཁྱོན་བསྡོམས་ལས་འཆར་གྲངས་ ༤༢ སྐོར་ཞིག་སྤེལ་ཐུབ་པ་བྱུང་འདུག་པ་དང་། ཕྱི་ལོ་ ༢༠༠༥ ལོར་ཚོགས་པ་དབུ་བརྙེས་ནས་མི་ལོ་ ༡༠ འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་འདིར་གདན་ཞུས་ཀྱིས་ཡུལ་མི་ ༦༠༠༠ ལྷག་མཛད་སྒོའི་ནང་མཉམ་ཞུགས་གནང་ཐུབ་པ་བྱུང་འདུག་ཅིང་། ད་ལྟའི་ཆར་ཚོགས་པའི་ནང་ཚོགས་མི་ ༣༠༠ ཡས་མས་ཤིག་ཡོད་འདུག
ད་ལན་གྱི་བོད་དོན་ཞུ་སྐུལ་ལས་འགུལ་ནང་སྦར་སིལ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས་གཉིས་མཉམ་བཅར་ཞུས་འདུག་པ་བཅས་ཀྱིས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ཡོངས་སུ་ལེགས་གྲུབ་བྱུང་འདུག་པ་བཅས། །