༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་བཞིན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༥ ཉིན་བྷར་སི་ལོ་ན་བོད་རིགས་རྣམས་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ངས་དུས་རྒྱུན་དུ་ཞུས་པ་བཞིན་ང་ཚོས་འཛམ་གླིང་མི་མང་རྣམས་ལ་རྒྱ་ཆེ་ས་ནས་མ་བྱུང་ནའང་གཞི་རིམ་གྱི་ཆབ་སྲིད་གནས་སྟངས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས། དེ་ཡང་བོད་ཀྱི་གནད་དོན་དེ་འཛམ་གླིང་སྟེང་ལོ་ངོ་ ༦༥ ལྷག་གནས་ཐུབ་པ་དེ་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་ཞིང་། ད་ལྟ་མི་སྣ་ཁག་ཐུག་འཕྲད་བྱས་པ་རྣམས་༸རྒྱལ་བ་རིན་པོ་ཆེར་དད་པ་ཡོད་པ་དང་། མཇལ་མྱོང་མཁན། གསུང་ཐོས་མྱོང་མཁན་ཤ་སྟག་ཆགས་ཡོད། མགོན་པོ་གང་ཉིད་མཆོག་གི་བཀའ་དྲིན་ཡིད་ལ་བཅངས་པའི་ཐོག་ནས་ཕྱག་ལས་གནང་ཐུབ་པ་ཡིན་ན། བྱ་བ་ལམ་འགྲོ་ཡོང་གི་ཡོད་པའི་ཡིད་ཆེས་བྱས་ཏེ་འགྲོ་བཞིན་ཡོད། ༸སྐུ་མདུན་ནས་ཀྱང་དགུང་གྲངས་བརྒྱ་དང་བཅུ་ཕྲག་གཉིས་ལྷག་སྐུ་འཚོ་བཞུགས་མཛད་རྒྱུའི་ཞལ་བཞེས་གནང་བཞིན་ཡོད་པས་ང་ཚོ་རྗེས་འཇུག་སློབ་མ་ཚོས་དད་པ་དམ་ཚིག་གཙང་མ་དགོས་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས།
དེ་ནས་བཀའ་ཤག་སྐབས་བཅུ་དྲུག་པའི་ཕྱག་ལས་དེ་ཡང་གཙོ་བོ་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཞག་པའི་ཐོག་བསྐྱོད་རྒྱུའི་འབད་བརྩོན་བྱེད་མུས་ཡིན་པ་མ་ཟད། བཀའཤག་ཐོག་མར་སླེབས་པ་ནས་བཟུང་སྤྱི་སྙོམས་དྲང་བདེན་ལ་གལ་ཆེན་ཞིག་ཏུ་ངོས་འཛིན་ཏེ་ཚང་མར་གཅིག་མཚུངས་བརྩི་ཤིང་། ད་བར་ནང་སྲིད་ལས་ཁུངས་ཀྱིས་ཐོ་བླངས་པའི་ནང་ཁྱིམ་ཚང་ ༡༨༠༠ ཙམ་ལ་སྡོད་ཁང་མེད་པ་དང་། དེ་དག་སོ་སོའི་དཔལ་འབྱོར་གནས་སྟངས་ལ་དཔག་པའི་རུབ་སྡོད་གཞིས་ཆགས་ཁག་ཏུ་གཞིས་སྤོ་ལས་གཞི་དང་འབྲེལ་སྡོད་ཁང་གི་མཐུན་རྐྱེན་སྦྱར་རྒྱུའི་ལས་གཞི་འགྲོ་མུས་ཡིན། གང་ལྟར་ང་ཚོའི་ངོས་ནས་དཀའ་ངལ་ཡོད་མཁན་ཚང་མར་གཅིག་མཚུངས་བལྟ་རྒྱུ་ཡིན་པ་དང་། གཉིས་པ་དེ་ནུས་པ་མཉམ་སྤུངས་ཐོག་འབད་བརྩོན་བྱེད་བཞིན་ཡོད། ཚང་མས་མཉམ་རུབ་ཐོག་ནས་ཕྱག་ལས་གནང་དགོས་གལ་ཡིན་ཞིང་། ཉེ་ཆར་ཨ་རིའི་སྲིད་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དེ་ཡང་ཚང་མས་མཉམ་རུབ་བྱས་པའི་གྲུབ་འབྲས་ཤིག་ཡིན། དེར་བཀའ་ཤག་དང་། ཨ་རིའི་རྒྱབ་སྐྱོར་བ། དོན་གཅོད་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་ཚོགས་པ། ལས་འགུལ་བ་སོགས་མཉམ་རུབ་ཀྱིས་ནུས་པ་ཐོན་ཐུབ་པ་ཡིན་ཞེས་ཞུ་བཞིན་ཡོད། གང་ཡིན་ཟེར་ན་མི་གཅིག་གིས་ནུས་པ་བཏོན་མི་ཐུབ་པས་ཚང་མས་ནུས་པ་མཉམ་སྤུངས་ཐོག་ཤུགས་བརྒྱག་རྒྱུ་གལ་ཆེན་པོ་ཡིན། གསུམ་པ་དེ་བཞིན་གོམས་པ་མདུན་སྤོས་ཡིན་པས་འཛམ་གླིང་གི་ཆབ་སྲིད་དང་ལྷན་འགྲོ་ཐུབ་པ་དང་། ཡིད་ཆེས་རྙེད་ཐུབ་པ་ཞིག་བཟོ་རྒྱུའི་ཐོག་འབད་བརྩོན་བྱ་དགོས།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གལ་ཏེ་རྒྱ་ནག་གི་སྲིད་འཛིན་དང་ལྷན་དུ་འབྲེལ་བ་སླར་གསོ་བྱུང་ནའང་རེ་བ་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན་ཚུལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞུ་གཏུག་བྱེད་པའི་སྐབས་རེ་བ་དེའང་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་བཞག་དགོས་གལ། དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་སྐྱོང་བྱེད་དགོས་པ་སོགས་ཀྱི་སྐོར་གསུང་སྐབས་ཆབ་སྲིད་ཀྱི་ཐོག་ནས་དབུ་མ་ཞེས་པ་དེར་རིན་ཐང་རྙེད་པར་མཐའ་གཉིས་ངོས་འཛིན་དགོས་ཀྱི་ཡོད་པས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་གནས་སྟངས་ཀྱི་མཐའ་གཅིག་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པའི་མཐའ་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་།
གཞན་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པའི་གནས་བབ་ཐོག་ཤུགས་རྒྱག་བཞིན་ཡོད་སྐོར་དང་འབྲེལ། ལོ་རྒྱུས་མཁས་པ་མ་ཧི་ཀལ་ཝེན་ཝལ་གྱིས་བརྩམས་པའི་བོད་ཀྱི་གནད་བསྡུས་ ༢༠།༢༠ དང་། རྒྱ་ནག་གི་སློབ་དཔོན་ལའོ་ཡིས་བརྩམས་པའི་དཔེ་དེབ་གཉིས་ངོ་སྤྲོད་གནང་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་བརྗོད་ཚེ་རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་སྐོར་གསུངས།
ཕྱོགས་མཚུངས་ཨ་རིའི་གཞུང་ནས་ཁྲིམས་ཡིག་གཏན་འབེབས་གནང་བ་ལ་བརྟེན་ནས་གོམས་པ་མདུན་སྤོས་བརྒྱབ་ཐུབ་པ་བྱུང་ཡོད་པ་མ་ཟད། དགའ་སྤྲོ་བྱེད་འོས་པ་ཞིག་རེད་ལ་བོད་མིའི་ས་གནས་མང་པོའི་ནང་ཨ་རིར་ཐུགས་རྗེ་ཆེ་ཞུས་པ་རེད། ཡིན་ནའང་དེ་མཐའ་མའི་གྲུབ་འབྲས་མིན། ད་བར་དུ་འཛམ་གླིང་སྟེང་བོད་དོན་དྲིལ་བསྒྲགས་དང་བོད་དོན་སྐོར་ཤེས་རྟོགས་ཡོད་པ་དེ་༸རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་དང་། བོད་ནང་གི་ཛ་དྲག་གནས་སྟངས་ལ་བརྟེན་ནས་ཡོང་བ་རེད། ཅེས་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་ལ་རྒྱལ་སྤྱིའི་ཆབ་སྲིད་ཐོག་དོ་སྣང་བྱེད་དགོས་པའི་ནན་སྐུལ་དང་སྦྲགས། ཕྱིའི་རྒྱལ་ཁབ་ཁག་ལ་ཞུ་གཏུག་བྱེད་སྐབས་དངོས་ཡོད་གནད་དོན་ཤེས་པའི་ཐོག་འགྲེལ་བརྗོད་བརྒྱབ་དགོས་པ་དང་། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་དོ་སྣང་གནང་དགོས་པའི་ནན་སྐུལ་གནང་ཡོད། གཞན་ཡང་གཞོན་སྐྱེས་རྣམས་ཀྱི་བརྒྱུད་ལ་ཐོག་མར་བོད་པ་ཡིན་པའི་སྤོབས་པ་དགོས་གལ་དང་། བོད་དེ་གལ་ཆེ་ཚུལ་སྐོར། ས་ཆའི་ཆགས་སྟངས་ཐོག་ནས་གལ་ཆེ་ཚུལ། བོད་ཀྱི་རིག་གཞུང་བཅས་ཀྱི་སྐོར་ཤེས་དགོས་གལ་ཡིན་ཞེས་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་རིགས་ཀྱི་ངོ་བོ་དེ་གཙོ་བོ་བོད་ཀྱི་སྐད་ཡིག་ལ་ཐུག་གི་ཡོད་པའི་སྐོར་དང་འབྲེལ། སྐད་ཡིག་གི་གལ་གནད་དང་། བྱུང་རབས། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དུ་སྐད་ཡིག་རྩ་མེད་བཟོ་རྒྱུའི་ཐབས་བྱུས་བཅས་ཀྱི་སྐོར་ངོ་སྤྲོད་གནང་བ་མ་ཟད། བོད་ནང་གི་ཛ་དྲག་གནས་ཚུལ་དེ་དག་གཞན་ལ་འགྲེལ་བརྗོད་རྒྱག་ཐུབ་པ་དགོས་པ་གསུངས། དེ་ནས་རྒྱ་ནག་གི་དཔོན་རིགས་ནང་ཁུལ་ཡིད་ཆེས་མེད་ཚུལ་དང་། རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་སྐྱོ་རུ་འགྲོ་བཞིན་པ། གཞན་ཡང་རྒྱ་ནག་གཞུང་དེ་བརྟན་པོ་མེད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད་པ་བཅས།།