༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༣ ཉིན་བཀྲ་ཤིས་གླིང་དང་། ཁྱབ་ཁོངས་མཐའ་མཚམས་ས་གནས་མ་ནཱང་། རྩུམ། ནུབ་རི། སམ་མདོ་བཅས་ཀྱི་ས་གནས་འགོ་འཛིན་གསར་རྙིང་དབར་གྱི་རྩིས་སྤྲོད་རྩིས་ལེན་ལས་དོན་དངོས་སུ་འགོ་འཛུགས་གནང་ཡོད།
དེ་ཡང་ཐོག་མར་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཡིག་རིགས་ཁག་དང་། ཅ་དངོས། དེ་ནས་ཁྱབ་ཁོངས་སྨན་ཁང་དང་། ཚོམས་ཆེན། མགྲོན་ཁང་། ལས་ཤག་བཅས་ཀྱི་འཛིན་ཆས་ཅ་དངོས་རྣམས་རིམ་བཞིན་སྤྲོད་དཔང་གི་ཞིབ་འཇུག་ལས་དོན་ཞུ་སྒོའི་ལམ་སྟོན་གཞིར་བཟུང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་མཐའ་དག་ཁམས་གཙང་བདེ་བླག་ངང་གྲུབ་ནས་ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བཀྲ་ཤིས་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་ས་འཐུས་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་གཙོ། དགོན་པའི་སྐུ་ཚབ། ཨེས་ཨོ་ཨེས་སློབ་གྲྭའི་དབུ་འཛིན། ཡན་ལག་སྨན་རྩིས་ཁང་འགན་འཛིན། བཟོ་གྲྭའི་འགོ་འཛིན། ས་གནས་གཞོན་ནུ་དང་བུད་མེད་ཚོགས་གཙོ། བརྒྱ་དཔོན། ཕ་མའི་ཚོགས་གཙོ། ལས་བྱེད་བཅས་ཚང་འཛོམས་ཐོག་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོ་ཞིག་ཚོགས་ཡོད།
ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་ནས་ཞབས་སྟེགས་བརྗེ་ལེན་མཛད་སྒོའི་ངོ་སྤྲོད་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་མདོར་བསྡུས་ཤིག་གནང་རྗེས་ས་གནས་འགོ་འཛིན་གསར་རྙིང་དབར་ཞབས་སྟེགས་བརྗེ་ལེན་གནང་འཕྲལ་འགོ་ལས་ཡོངས་ནས་ས་གནས་འགོ་འཛིན་གསར་རྙིང་གཉིས་ལ་རྟེན་འབྲེལ་མཇལ་དར་སྒྲོན་འབུལ་ཞུས།
དེ་ནས་ཚོགས་ཁང་ནང་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་འབྲེལ། ནང་སྲིད་སྐུ་ཚབ་སྤྲོད་དཔང་བཀྲ་ཤིས་ཚེ་བརྟན་ལགས་ནས་ས་གནས་འགོ་འཛིན་ལས་ཁུངས་དང་ཁྱབ་ཁོངས་སྡེ་ཚན་ཁག་གི་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་བརྒྱུད་རིམ་དང་གནས་སྟངས་མཐོང་ཚུལ་གསལ་བཤད་འགྲེལ་བརྗོད་གནང་། དེ་ནས་ས་གནས་འགོ་འཛིན་གསར་པ་
ནས་འགོ་ལས་ཡོངས་ལ་འཚམས་འདྲིའི་གསུང་བཤད་གནང་རྗེས་ས་འཐུས་ཚོགས་གཙོ་ཚེ་བརྟན་གྲགས་པ་ལགས་ནས་ས་འགོ་གསར་རྙིང་གཉིས་ལ་དགའ་བསུའི་འཚམས་འདྲི་དང་ཐུགས་རྗེ་ཞུའི་གསུང་བཤད་གནང་ནས་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོ་བདེ་བླག་ངང་གྲུབ།
དེ་ནས་བཀྲ་ཤིས་གླིང་གི་ཚོམས་ཆེན་ནང་མི་མང་འདུ་འཛོམས་སར་སྤྲོད་དཔང་གིས་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་གནས་སྟངས་གསལ་བཤད་དང་སྦྲགས། ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་ནས་ས་གནས་འགོ་འཛིན་གསར་པ་བསྟན་འཛིན་དཔལ་ལྡན་ལགས་མང་ཚོགས་ལ་ངོ་སྤྲོད་དང་ཐོན་ཕྱག་གསུང་བཤད་གནང་། དེ་ནས་ས་གནས་འགོ་འཛིན་གསར་པ་བསྟན་འཛིན་དཔལ་ལྡན་ལགས་ཀྱིས་མང་ཚོགས་ལ་འཚམས་འདྲིའི་གསུང་བཤད་གནང་རྗེས་ས་འཐུས་ཚོགས་གཙོས་ས་གནས་འགོ་འཛིན་གསར་རྙིང་གཉིས་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་འཕྲལ་འགོ་མང་ཡོངས་ནས་རྟེན་འབྲེལ་མཇལ་དར་སྒྲོན་འབུལ་ཞུས་པ་བཅས། །