༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་ནང་བོད་དོན་ཞུ་སྐུལ་གནང་མུས་ལྟར། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༥ ཉིན་ཀ་ཊ་ལན་རང་སྐྱོང་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དུ་བོད་དོན་དང་འབྲེལ་བའི་ཉན་ཞིབ་གནང་ཡོད།
དེ་ཡང་སྐུ་ཞབས་ཕཱ་རན་སིས་ཀོ་ཌི་ཌལ་མ་སིས་ (Francesc de Dalmases) ལགས་ཀྱིས་གཙོ་སྐྱོང་གནང་བའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཉན་ཞིབ་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་གསལ་སྟོན་དང་། ལྷག་པར་བོད་མིའི་རང་དབང་ཆེད་བོད་མི་གྲངས་ ༡༥༧ ནས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་ཅིང་། རང་ལུས་མེར་སྲེག་གཏོང་མཁན་ནང་ནས་ཕལ་མོ་ཆེ་རྒྱ་ནག་གི་བཙན་འཛུལ་རྗེས་སུ་སྐྱེས་པའི་གཞོན་སྐྱེས་ཡིན་ལ། ཁོང་ཚོས་རང་དབང་ལྡན་པའི་བོད་མཐོང་མྱོང་མེད་ནའང་། རྒྱ་ནག་གི་དྲག་གནོན་འོག་དེ་འདྲའི་ལས་འགུལ་སྤེལ་དགོས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་། དེ་དང་འབྲེལ་ཏེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་གནོན་འོག་གི་ད་ལྟའི་གནས་བབ་ཀྱི་མཐའ་དང་། ལོ་རྒྱུས་ཐོག་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་མཐའ་གཉིས་ཀྱི་བར་དུ་ལམ་དབུ་མ་ཞིག་འཚོལ་ཐབས་གནང་གི་ཡོད་པ་ངོ་སྤྲོད་གནང་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་སྤྱི་དང་། ལྷག་པར་ཁྲིམས་ཡིག་དེ་བརྒྱུད་ཨ་རི་གཞུང་གིས་བོད་རྒྱའི་དཀའ་རྙོག་དེ་ཉིད་ད་ལྟ་བསལ་མེད་པའི་རྒྱལ་སྤྱིའི་དཀའ་རྙོག་ཅིག་ཏུ་ངོས་འཛིན་དང་། རྒྱ་ནག་གཞུང་གིས་བོད་དང་འབྲེལ་བའི་གནས་ཚུལ་ལོག་འགྲེལ་བྱེད་བཞིན་པར་གདོང་ལེན་གནང་གི་ཡོད་པ་གསལ་བཤད་གནང་། དེ་ལས་འཕྲོས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐད་ཨ་རིའི་ལངས་ཕྱོགས་དང་མཐུན་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད།ཉན་ཞིབ་ལས་རིམ་ཐོག་གྲོས་ཚོགས་འཐུས་མི་ཨེན་ན་ཏུ་ཌོ་མིན་གྷོ་ (Ennatu Domingo) ལགས་དང་། གྲོས་ཚོགས་འཐུས་མི་ཨ་གྷུས་ཏི་ཀོ་ལོ་མི་ནེས་ (Agustí Colomines) ལགས། གྲོས་ཚོགས་འཐུས་མི་ཨན་ན་བལ་སེ་ར་(Anna Balsera) ལགས། གྲོས་ཚོགས་འཐུས་མི་ཨན་ཌི་རེས་གར་སི་ཡ་བེར་རི་ཡོ་ (Andrés García Berrio) ལགས་སོགས་ཕེབས་ཡོད་ལ། བོད་མིའི་སྐུ་ཚབ་ཚོགས་ཆུང་ཁྲོད་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། བོད་རིགས་ཚོགས་པའི་སྐུ་ཚབ་སངས་རྒྱས་ལགས། ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཧ་ཝི་ཡར་ནོ་གྷུ་བེ་གྷུ་ (Javier Nogue Begue) ལགས་ཕེབས་ཞུགས་གནང་ཡོད།
ཉིན་དེའི་སྔ་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་གཙོ་ཇོ་སེབ་རུལ་ (Josep Rull) མཆོག་དང་། གྲོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གྷི་ལོ་རི་ཡ་ཕི་རེ་ཤ་ཨི་ཝི་ལར་ཌེལ་ (Glòria Freixa i Vilardell) ལགས་དང་ཇུ་ལི་ཕེར་ནན་ཌེཛ་ཨོ་ལི་ཝ་རེས་ (Juli Fernandez Olivares) ལགས་དང་མཇལ་འཕྲད་གནང་ཡོད། ཆུ་ཚོད་གཅིག་རིང་གི་མཇལ་འཕྲད་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་ཕེབས་མ་ཐག་ནས་བོད་མིའི་རང་དབང་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་རྒྱུའི་ས་བོན་བཏབ་པ་དང་། བོད་མི་ཚོས་ཀྱང་དེ་ལ་ཆོད་སེམས་བརྟན་པོས་མུ་མཐུད་རྒྱུན་འཛིན་གནང་བཞིན་པའི་སྐོར་གསུངས་ཤིང་། ཚོགས་གཙོ་རུལ་མཆོག་གིས་བོད་མི་ཚོའི་སྙིང་སྟོབས་དང་སེམས་ཤུགས་ལ་གུས་བརྩི་དང་། རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པར་གདུང་སེམས་མཉམ་སྐྱེ་ཡོད་པ་གསུངས་རྗེས། དཔལ་ལྡན་སྲིད་སྐྱོང་མཆོག་དབུས་པའི་བོད་མིའི་སྐུ་ཚབ་ཚོགས་ཆུང་ལ་གྲོས་ཚོགས་ཚོགས་ཁང་དུ་ངོ་སྤྲོད་གཟིགས་སྐོར་གནང་ཡོད་པ་རེད། གྲོས་ཚོགས་ཀྱི་མཛད་རིམ་རྗེས་སུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བི་ལན་ཀུར་ན་གཙུག་ལག་སློབ་གཉེར་ཁང་ (Blanquerna University) དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསུང་བཤད་གནང་བར་ཕེབས་ཤིང་། རྒྱལ་སྤྱིའི་འབྲེལ་ལམ་སྡེ་ཚན་གྱི་འགན་འཛིན་ཨོན་ནོ་སེ་རུ་ (Onno Seroo) ལགས་ཀྱིས་གཙོ་སྐྱོང་གནང་བའི་བགྲོ་གླེང་ནང་རྒྱལ་སྤྱིའི་འབྲེལ་ལམ་དང་། ཁྲིམས་ལུགས། གཞན་ཡང་སྡེ་ཚན་འདྲ་མིན་གྱི་སློབ་ཕྲུག་དང་། གཙུག་ལག་སློབ་དཔོན་རྣམ་པ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ་བཅས་ཕེབས་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་། རྒྱ་ནག་གི་བཙན་འཛུལ་འོག་གི་ད་ལྟའི་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱིས་མ་འོངས་པར་རྒྱ་ནག་གཞུང་དང་གྲོས་མོལ་གནང་རྒྱུའི་དམིགས་ཡུལ། ལྷག་པར་དེང་གི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་ནང་བོད་མིའི་འཚེ་མེད་ཞི་བའི་ལས་འགུལ་གྱི་གལ་གནད་སྐོར་གསུངས་ཡོད། གཞན་ཡང་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་གསར་ཤོག་གྲགས་ཅན་ཨེལ་པེ་རི་ཡོ་ཌི་ཀོ་ (El Periodico) ཡི་བཅར་འདྲིར་དང་ལེན་གནང་ཡོད་པ་རེད།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་བྷར་སི་ལོ་ནར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཐེངས་གཉིས་པ་ཞིང་། དེའི་སྔོན་དུ་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ པའི་ནང་ཕེབས་ཡོད། དེ་མ་ཟད་བྷར་སི་ལོ་ནའི་བོད་ཁང་དབུ་བརྙེས་ཏེ་ལོ་ངོ་སུམ་ཅུ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་ཕྱི་ཚེས་ ༡༠ ནས་ ༡༦ བར་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་དུས་སྟོན། ཞེས་པའི་ལས་རིམ་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་སྐོར་གསུང་བཤད་གནང་ཡོད་པ་བཅས།།