༄༅། །རྒྱ་གར་གཞུང་གི་རིག་གཞུང་ལྷན་ཁང་གི་མཐུན་འགྱུར་འོག་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ (IBC) ཀྱིས། ཨེ་ཤི་ཡ་སྲ་བརྟན་གཏོང་བར་ནང་ཆོས་ཀྱི་བྱེད་སྒོ་ཞེས་པའི་བརྗོད་གཞིའི་འོག་ཨེ་ཤི་ཡའི་ནང་བསྟན་ལྷན་ཚོགས་ཐེངས་དང་པོ་གོ་སྒྲིག་གནང་ཡོད། ལྷན་ཚོགས་དེ་ནི་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༥ ནས་ ༦ བར་ལྡི་ལིའི་ཨ་ཤོ་ཀ་མགྲོན་ཁང་དུ་ཉིན་གཉིས་རིང་ཚོགས་ཡོད་ལ། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་བཀའ་དྲིན་སྩལ་བ་དེ་ཉིད་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་སྒྲོགས་སྦྱང་གནང་ཡོད།
ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་གྲོའུ་པ་ཌི་མུར་མུ་ (Droupadi Murmu) མཆོག་དང་། རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་ག་ཇེན་དར་སིང་ཤེ་ཁ་ཝཊ་ (Gajendra Singh Shekhawat) མཆོག གྲོས་ཚོགས་དང་གྲངས་ཉུང་མི་རིགས་ལས་དོན་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་(Kiren Rijiju) མཆོག་བཅས་མཉམ་ཞུགས་གནང་ཡོད་ཅིང་། ཁོང་རྣམ་པ་མཉམ་ཞུགས་གནང་བ་དེས་ཆོས་ལུགས་ཕན་ཚུན་བར་གྱི་གྲོས་མོལ་དང་དགོངས་ཚུལ་བརྗེ་ལེན་ལ་རྒྱ་གར་གཞུང་གིས་རྒྱབ་སྐྱོར་གནང་བཞིན་པ་མཚོན་གྱི་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བོད་བརྒྱུད་ནང་བསྟན་སྐོར་གསལ་བཤད་གནང་སྐབས། ནང་ཆོས་ཀྱི་འཕེལ་རིམ་ལོ་རྒྱུས་དང་ནང་དོན་རིག་པའི་གལ་གནད། དེ་བཞིན་ད་ལྟའི་དུས་སུའང་ནང་ཆོས་དེ་འགྲོ་བ་མི་ལ་ཕན་ཐོགས་ཡོད་སྐོར་འགྲེལ་བརྗོད་གནང་བའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། དེས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་སྐོར། ལྷག་པར་ནང་ཆོས་ཀྱི་རིན་ཐང་དང་། ཚན་རིག ཆོས་ལུགས་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་རེད།
ལྷན་ཚོགས་དེར་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་དང་། ༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ། ༸སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ། མི་འགྱུར་རིན་པོ་ཆེ། ཡང་སྟེང་རིན་པོ་ཆེ་སོགས་ནང་པའི་དབུ་ཁྲིད་མང་པོ་ཕེབས་ཡོད་ལ། ཨེ་ཤི་ཡའི་ནང་པའི་ཆོས་བརྒྱུད་འདྲ་མིན་ནས་དགེ་འདུན་པ་རྒན་གྲས་དང་། མཁན་པོ། ཆོས་ཕྱོགས་ཀྱི་དབུ་ཁྲིད་མང་པོ་ཕེབས་ཏེ། དེང་དུས་འཛམ་གླིང་གི་དཀའ་ངལ་སེལ་བར་ནང་བསྟན་གྱིས་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་པའི་སྐོར་བགྲོ་གླེང་གནང་ཡོད།
ཉིན་གཉིས་རིང་གི་ལྷན་ཚོགས་ནང་གཙོ་བོ་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་། རང་བྱུང་ཁོར་ཡུག་རྒྱུན་གནས། ཆོས་ལུགས་ཕན་ཚུན་བར་གྲོས་མོལ་གོང་འཕེལ་གཏོང་ཐབས་བཅས་ལ་ནང་བསྟན་གྱིས་ཞབས་འདེགས་ཇི་ལྟར་སྒྲུབ་ཐུབ་པའི་སྐོར་བགྲོ་གླེང་གནང་ཡོད་ལ། དེ་དག་ནི་ཆོས་ལུགས་དང་རིག་གཞུང་སྣ་མང་ལྡན་པའི་ཨེ་ཤི་ཡའི་སྤྱི་ཚོགས་ལ་དགོས་མཁོ་ཆེན་པོ་ཆགས་ཡོད།
ཕྱི་ལོ་ ༢༠༢༤ ལོའི་ཨེ་ཤི་ཡའི་ནང་བསྟན་ལྷན་ཚོགས་ཀྱིས་ཞི་བདེ་ལྡན་པའི་མ་འོངས་པ་ཞིག་བསྐྲུན་པར་ཕན་ཚུན་ལྟ་ཚུལ་བརྗེ་ལེན་བྱེད་པ་གཙོ་བོར་བཟུང་སྟེ། ཨེ་ཤི་ཡའི་ནང་རིག་གཞུང་དང་། ནང་དོན་རིག་པ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་བར་ནང་བསྟན་གྱིས་ཞབས་འདེགས་སྒྲུབ་ཐབས་ཀྱི་གྲོས་མོལ་མུ་མཐུད་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་མཚོན་ཡོད།
ཁྱོན་བསྡོམས་ལྷན་ཚོགས་དེར་ནང་པའི་དབུ་ཁྲིད་དང་། དགེ་འདུན་པ། མཁས་དབང་། སློབ་དཔོན་སོགས་མི་གྲངས་ ༧༠༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་། དེས་ཞི་བདེ་དང་མཐུན་སྒྲིལ་གྱི་ནུས་པ་ལྡན་པའི་ནང་པའི་ཆོས་ཀྱི་ལམ་སྟོན་ལ་རྒྱལ་སྤྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་བསྟན་ཡོད་པ་བཅས།།